བོད་ལྗོངས་ཀྱིས་ཞིང་འབྲོག་པ་སྔར་བས་མང་བར་སློབ་ཡོན་མི་དགོས་པར་ལག་རྩལ་བསླབས་པ།

ཀྲུང་དབྱང་རླུང་འཕྲིན་དྲ་བ་ལྷ་ས་ནས་ཟླ་4ཚེས་22ཉིན་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཀྱི་གཞིས་རྩེ་གྲོང་ཁྱེར་སྤྱི་པའི་ལས་རིགས་རྩལ་ནུས་ཞབས་ཞུ་ལྟེ་གནས་སུ་བསྐྱོད་པ་ན་གང་སར་བྲེལ་བརྩོན་གྱི་རྣམ་པས་ཁེངས་ཡོད། དེ་གར་མ་བྱན་དང་། བརྐོ་འདྲུའི་འཕྲུལ་འཁོར། ལྕགས་རྩིབས་ལས་བཟོ། ཞིང་འཕྲུལ་ཉམས་གསོ་སོགས་ལས་སྣ་20ཡི་གསོ་སྦྱོང་སློབ་ཚན་མང་པོ་བཀོད་སྒྲིག་བྱས་ཡོད་པ་རེད།
     གཞིས་རྩེ་གྲོང་ཁྱེར་ངལ་རྩོལ་རྩལ་ནུས་གསོ་སྦྱོང་གྲུབ་འབྲས་ཀྱི་འགྲེམས་སྟོན་ཚོམས་ཆེན་དུ་གསོ་སྦྱོང་སློབ་མའི་བརྩམས་ཆོས་800ལྷག་འགྲེམས་སྟོན་བྱས་པའི་ནང་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་དང་། བོད་རུམ། ཚོན་བྲིས། རྡོ་བརྐོས་སོགས་ཚུད་ཡོད།
     དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པ་དང་དུས་མཚུངས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྤྱི་པའི་ལས་རིགས་རྩལ་ནུས་ཞབས་ཞུ་ལྟེ་གནས་ཀྱིས་རྩལ་ནུས་གསོ་སྦྱོང་གི་སློབ་ཚན་སླར་གསོ་ཧུར་ཐག་བྱས་ཤིང་། བོད་ཀྱི་ས་གནས་ཁག་དང་རྫོང་ཁག་གི་ལག་རྩལ་སློབ་སྦྱོང་བྱེད་པར་རང་མོས་ངང་མིང་ཐོ་བཀོད་པའི་ཞིང་འབྲོག་པ་དབུལ་པོ་རྣམས་དེ་གར་སློབ་ཡོན་མི་དགོས་པར་གསོ་སྦྱོང་བྱེད་ཀྱི་ཡོད་པ་རེད།
     གཞིས་རྩེ་གྲོང་ཁྱེར་སྤྱི་པའི་ལས་རིགས་རྩལ་ནུས་ཞབས་ཞུ་ལྟེ་གནས་སློབ་དོན་གཞུང་ལས་ཁང་གི་ཀྲུའུ་རེན་སྐལ་བཟང་ནོར་བུས“ང་ཚོའི་དམིགས་ཚད་ནི་གསོ་སྦྱོང་བྱས་རྗེས་ཞིང་འབྲོག་པའི་རང་ངོས་འཇོན་ཐང་ཆེ་རུ་བཏང་ནས་ལས་ཞུགས་དང་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན”ཞེས་བརྗོད། ཤེས་རྟོགས་བྱུང་བ་ལྟར་ན། ལྟེ་གནས་དེ་2016ལོའི་ཟླ་5པར་གཉེར་སྐྱོང་བྱས་ཚུན། མིག་སྔའི་བར་ཁྱོན་མི་ཐེངས་14419ལ་གསོ་སྦྱོང་བྱས་པ་རེད། ལྟེ་གནས་དེས་རྩལ་ནུས་གསོ་སྦྱོང་གི་ལས་སྣ་20ལྷག་བཀོད་སྒྲིག་བྱས་ཡོད་པ་དང་། གསོ་སྦྱོང་ཚད་ལོན་ཚད་98%ཟིན་པ་དང་གསོ་སྦྱོང་བྱས་རྗེས་ལས་ཞུགས་ཐུབ་ཚད་80%ཡན་ཟིན་ཡོད་པ་རེད།
     དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་རྗེས་བོད་ཀྱིས་ཐོན་ལས་ལག་རྩལ་མཉམ་ལས་དང་ལས་ཞུགས་གསོ་སྦྱོང་ཧུར་ཐག་བྱས་ཡོད། 2016ལོ་ནས་2019ལོའི་བར་བོད་ཀྱིས་ཞིང་འབྲོག་པ་དབུལ་པོའི་རྩལ་ནུས་གསོ་སྦྱོང་གི་ཁ་གསབ་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་2.79བཏང་བ་དང་།“མངགས་ཐོ་དང་གནས་གཏན་འཁེལ་རྣམ་པ”དང་གཞི་རིམ་དུ་སློབ་གསོ་སྤེལ་བ་བརྒྱུད་མི་འབོར་དབུལ་པོ་ཁྲི་15.31ལ་རྩལ་ནུས་གསོ་སྦྱོང་བྱས་ཤིང་། དེའི་ཁྲོད“མངགས་ཐོ་དང་གནས་གཏན་འཁེལ་རྣམ་པའི”གསོ་སྦྱོང་གིས་བཅུ་ཆ་བཞི་ཟིན་གྱི་ཡོད་པ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།