བོད་ལྗོངས་ཀྱིས་བདེ་འཇགས་ཤེས་དཔལ་བྱེད་སྒོ་སློབ་གྲྭར་སྤེལ་ནས་སློབ་མའི་རང་སྐྱོབ་རང་སྲུང་གི་ནུས་པ་མཐོ་རུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་གནོད་འགོག་གེགས་སེལ་ཉིན་མོ་ཐེངས་བཅུ་གཉིས་འཆར་ལ་ཉེ་བའི་མཚམས་འདིར་སྤྱི་ཟླ་བཞི་པའི་ཚེས ༢༢ ཉིན་གྱི་སྔ་དྲོ།  རང་ལྗོངས་ཀྱི་ཚན་པ་མང་པོས་མཉམ་འབྲེལ་ཐོག་ལྷ་ས་གྲོང་ཁྱེར་ཅང་སུའུ་སློབ་འབྲིང་དུ་བདེ་འཇགས་ཤེས་དཔལ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་ཏེ།  མི་ཐབས་ས་ཡོམ་དང་འཕྲལ་སྡོམ་ཁ་འགྲེམས་ནང་སྦྱོང་སོགས་བརྒྱུད།  སློབ་མའི་བདེ་འཇགས་འདུ་ཤེས་ཟབ་ཏུ་བཏང་བ་དང་སློབ་མའི་རང་སྐྱོབ་རང་སྲུང་གི་ནུས་པ་ཆེ་རུ་བཏང་ཡོད།  བྱེད་སྒོའི་ཐོག་དགེ་སློབ་ཚོར་བདེ་འཇགས་དང་རང་སྐྱོབ་གཞན་སྐྱོབ་ཀྱི་རྒྱུན་ཤེས་འཆད་འགྲེལ་བྱས་པ་མ་ཟད་འབྲེལ་ཡོད་ཀྱི་དྲིལ་བསྒྲགས་དཔྱད་གཞི་ཡང་མང་པོ་སྤྲད་པ་རེད།

གོམ་སྟབས་རྗེས་མར།  རང་སྐྱོང་ལྗོངས་དང་གྲོང་ཁྱེར།  རྫོང་བཅས་རིམ་པ་གསུམ་གྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱིས་འབྲེལ་ཡོད་ཚན་པ་དང་མཉམ་ལས་ཐོག་བདེ་འཇགས་ཤེས་དཔལ་བྱེད་སྒོ་དགོན་སྡེ་དང་སྡེ་ཁུལ་དུ་སྤེལ་ནས།  བདེ་འཇགས་ངང་གོང་འཕེལ་གཏོང་བའི་འདུ་ཤེས་མི་ཚང་མས་ཤེས་ཐུབ་པ་དང་བདེ་འཇགས་ལ་དོ་སྣང་བྱེད་རྒྱུ་མི་སེམས་ལ་ཟུག་པ་བྱས་ཏེ།  སྤྱི་ཚོགས་ཡོངས་སུ་མི་ཚང་མས་བདེ་འཇགས་ལ་དོ་སྣང་དང་ཐེ་ཞུགས་བྱེད་པའི་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་པ་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།