ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། རང་སྐྱོང་ལྗོངས་སྲིད་གཞུང་གིས་ལྗོངས་ཡོངས་སུ་དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་གི་མ་དངུལ་ཆད་འགྱངས་བྱས་རིགས་གཙང་བཤེར་བྱེད་རྒྱུའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས། མ་དངུལ་ཆད་འགྱངས་གཙང་འཇལ་བྱེད་རྒྱུའི་རང་ལྗོངས་ཀྱི་ལས་ཀར་སླར་ཡང་སྐུལ་སློང་བཀོད་སྒྲིག་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག འགན་འཁྲི་རིམ་པས་དཀྲི་བ་དང་ལས་ཡུན་ལྡོག་རྩིས་རྒྱག་པ། ཡོང་ཁུངས་ཁ་གསལ་བཟོ་བ་བཅས་བྱས་ཏེ་མ་དངུལ་ཆད་འགྱངས་གཙང་འཇལ་བྱེད་རྒྱུའི་ལས་ཀའི་དུས་མཚམས་ནང་དམིགས་ཚད་ལས་འགན་སྒྲུབ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། མ་དངུལ་ཆད་འགྱངས་གཙང་སེལ་ལས་ཀའི་བྱ་ཐབས་ཤུགས་ཆེ་རུ་གཏོང་བ་དང་ནུས་ལྡན་གྱི་བྱ་ཐབས་བཟུང་སྟེ། དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་གི་དཀའ་གནད་ཐག་གཅོད་ཏན་ཏིག་བྱས་ཐོག་ནད་ཡམས་འགོག་ཟོན་དང་། ལས་ཀ་བསྐྱར་ཚུགས་དང་ཐོན་ལས་སླར་གསོ། ལས་ཞུགས་འབབ་འཕར་སོགས་ཀྱི་ཐད་མ་དངུལ་ཆད་འགྱངས་གཙང་འཇལ་ལས་ཀའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། བརྟན་པོ་དྲུག་དང་འགན་ལེན་དྲུག་གི་དམིགས་ཚད་བསྒྲུབ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཀྱིས་ཁེ་ལས་འབྲིང་ཆུང་གི་མ་དངུལ་ཆད་འགྱངས་བྱས་རིགས་གཙང་འཇལ་བྱེད་རྒྱུར་སླར་ཡང་སྐུལ་འདེད་བཏང་།