བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དཔྱིད་དུས་ཀྱི་བྱ་སྤྱོད་སྤེལ་ནས་ཁེ་ལས་ཀྱི་དཀའ་ངལ་བསལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་ཀ་ཤར་བས་ས་ཕྱོགས་ཀུན་ཏུ་ལས་འགོ་བསྐྱར་འཛུགས་ལ་བྲེལ། ཉིན་ཤས་བསྟུད་མར་བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“དཔྱིད་དུས་ཀྱི་བྱ་སྤྱོད”གཏིང་ཟབ་སྤེལ་ནས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་ཁེ་ལས་ལ་དངུལ་རྩས་ཞབས་འདེགས་ཡག་པོ་ཞུས་པ་རེད།

བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་རོགས་རམ་བྱེད་པའི་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས་ལས་ཀའི་ལམ་སྲོལ་བཙུགས་པ་དང་། རིམས་འགོག་གི་གཙོ་གནད་ཁེ་ལས་ལ་རོགས་རམ་བྱེད་པའི་གཉེར་སྐྱོང་ལམ་ལུགས་ལག་ལེན་བསྟར་ནས་བྱ་བ་ཚང་མ་དོན་འཁྱོལ་ཐུབ་པ་བྱས་ཡོད། “རང་འགུལ་ངང་སྦྲེལ་མཐུད་དང་། ཆེད་མངགས་ཞབས་ཞུ། འཕྲལ་མར་དང་ལེན། བྱ་སྤྱོད་གང་མྱུར་སྤེལ་བ”བཅས་ཀྱི་སྤྱི་ཡོངས་ཀྱི་ལས་ཀའི་རྩ་དོན་གཞིར་བཟུང་། སྤྱི་ཁྱབ་དངུལ་ཁང་དང་ཡན་ལག་དངུལ་ཁང་གི་གོང་འོག་སྦྲེལ་མཐུད་དང་ཕྱོགས་ཡོངས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་དངུལ་རྩའི་ཞབས་ཞུའི་ལྗང་མདོག་བགྲོད་ལམ་མུ་མཐུད་ལེགས་སུ་གཏོང་བ་དང་དངུལ་རྩའི་ཞབས་ཞུའི་ལས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་པ་རེད།

ལས་རིགས་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བའི་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ཆ་རྐྱེན་ཡང་མི་འདྲ་བར་བརྟེན་དངུལ་རྩའི་ཞབས་ཞུའི་དགོས་མཁོའང་རྣམ་པ་སྣ་ཚོགས་ཡོད། བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱིས་གཏན་ལ་ཕབ་པའི་གཏེར་རི་གསར་སྤེལ་དང་། ཆུ་གློག གྲོང་ཁྱེར་འཛུགས་སྐྲུན། གཞུང་ལམ་འགྲིམ་འགྲུལ་སོགས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ལ་དམིགས་ཏེ་འགན་ནུས་གང་ལེགས་བཏོན་ནས་གནད་སྨིན་ཇུས་བསྟར་ངང་ཡིད་རྟོན་དངུལ་བུན་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། འདི་ལོ་དུས་ཚིཌ་དང་པོར་ཁེ་ལས་ལ་དངུལ་བུན་སྒོར་དུང་ཕྱུར་12ཙམ་བཏང་ནས་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཛུཌ་སྐྲུན་དང་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་བཟོ་ཚོང་དངུལ་ཁང་གི་བློ་རིག་དང་སྟོབས་ཤུཌ་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།