ལྷོ་ཁ་གྲོང་ཁྱེར་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ཟངས་རི་རྫོང་དུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས21ཉིན2020ལོའི་ལོ་འཁོར་གྱི་ལྷོ་ཁ་གྲོང་ཁྱེར་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཟངས་རི་རྫོང་སྒྲོལ་སྐྱིད་གྲོང་ཚོར་དངོས་སུ་འགོ་ཚུགས་པ་དང་འབྲེལ། རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གི་བཞུགས་མོལ་ཚོགས་འདུ་ཡང་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་དང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུའེ་ཁྲེང་ཚང་འགོ་ཚུགས་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ། རྐང་འཛིན་སྒྲོག་འགྲེལ་པར་དཔྱད་གཞིའི་ཡིག་ཆ་ཡང་གནང་བ་རེད།

སྤེན་པ་བཀྲ་ཤིས་ཀྱིས་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གི་བཞུགས་མོལ་ཚོགས་འདུའི་ཐོག འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་ལོ་རེད་ལ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྲ་བརྟན་དུ་གཏོང་བའི་ལོ་ཞིག་ཀྱང་རེད། གཏིང་ཟབ་དང་། གསར་གཏོད། མཐོར་གཏོང་བཅས་ཟམ་མི་ཆད་པར་བྱས་ཏེ། སློབ་གསོའི་ལག་ལེན་བྱེད་སྒོ་ཟམ་མི་ཆད་པར་ཏན་ཏན་ཏིག་ཏིག་ཡོང་བ་དང་། གཏིང་ཟབ་ཏུ་གཏོང་བ། ནང་སེམས་ལ་ཟུག་པ་བཅས་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་མང་ཚོགས་ཀྱི་བསམ་བློའི“ཀ་བཞི་གདུང་བརྒྱད”བརྟན་པོ་ཡོང་བར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྲོག་ཤིང་གི་གནས་བབ་དང་མི་དམངས་ཀྱི་གཙོ་འཛིན་གྱི་གནས་བབ་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ནང་བརྟན་པོ་གནས་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

རིམ་ཁག་དྲིལ་བསྒྲགས་པུའི་པུའུ་ཀྲང་གིས་སློབ་གསོ་ལག་ལེན་བྱེད་སྒོ་དེ་ལས་འགན་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནས། དུས་དང་རྣམ་པ་ཀུན་ཏུ་སེམས་ལ་འཇོག་པ་དང་དམ་འཛིན་ནན་པོ་བྱས་ཏེ། སློབ་གསོ་ལག་ལེན་བྱེད་སྒོ་རྩ་འཛིན་དུ་བྱས་ནས་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་དགོས་པ་དང་། སྒྲོག་འགྲེལ་ཞིབ་ཚགས་དང་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་སྟེ། ལྟ་བ་གལ་ཆེན་འགའ་སེམས་ལ་བརྟན་པོ་ངེས་པར་བྱས་ནས་ཤོད་ཐུབ་པ་དང་བེད་སྤྱོད་ཐུབ་པར་བྱེད་དགོས། ཞན་ཆ་འཚོལ་བ་དང་སེལ་བའི་ཐད་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་ཀྱི་རང་རྟོགས་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།  སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་ཐད་ཤུགས་སྣོན་བརྒྱབ་སྟེ། བྱེད་སྒོའི་ཕན་འབྲས་དེ་ལམ་ལུགས་སུ་འགྱུར་བར་བྱེད་དགོས། སྔོན་ཐོན་དང་ཕུལ་བྱུང་འདེམས་པའི་ཐད་ཤུགས་སྣོན་བརྒྱབ་སྟེ་སྔོན་ཐོན་གྱི་དཔེ་མཚོན་ཁག་ཅིག་འདེམས་དགོས། སློབ་གསོ་ལག་ལེན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་འགག་རྩ་ནི་རིམ་ཁག་ཧྲུའུ་ཅིའི་འགན་འཁྲི་ཨང་དང་པོ་དང་། དྲིལ་བསྒྲགས་དང་བསམ་བློ་རིག་གནས་སྡེ་ཚན་གྱི་འགན་ནུས། ཞིང་འབྲོག་པ་སྒྲོག་འགྲེལ་རྐང་འཛིན་པའི་ནུས་པ། མང་ཚོགས་ཀྱི་བྱེད་པོའི་ནུས་པ་བཅས་ཏན་ཏིག་འདོན་དགོས་ཞེས་གསུངས་པ་རེད།

འགོ་ཚུགས་ཚོགས་ཆེན་འཚོགས་རྗེས། ཟངས་རི་རྫོང་སྒྱུ་རྩལ་ཚོགས་པས་ངོ་མཚར་ཆེ་བའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱས་པར་ཉེ་འགྲམ་གྱི་ཡུལ་མི་200ཙམ་བྱེད་སྒོ་སྤེལ་ཡུལ་དུ་ལྟད་མོ་ལྟ་བར་སླེབས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།