ཉིང་ཁྲི་གྲོང་ཁྱེར་གྱིས་ཀོང་ཏུང་ཉིང་ཁྲི་ཐོན་ལས་ཁུལ་ནང་ཞུགས་པའི་མཛད་སྒོ་བསྡུས།

6c224f4a20a446231b90f939aa83fc080df3d7be.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས23ཉིན་གྱི་སྔ་དྲོར། ཉིང་ཁྲི་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཀོང་ཏུང་ཉིང་ཁྲི་ཐོན་ལས་ཁུལ་ནང་ཞུགས་པའི་མཛད་སྒོ་བསྡུས་ཏེ། བསྡོམས་པས་རྣམ་གྲངས11ལ་གན་རྒྱ་བཞག་པ་དང་། མ་དངུལ་སྒོར་དུང་ཕྱུར4.63ལ་སླེབས་ཡོད་པ་རེད།

ཉིང་ཁྲི་གྲོང་ཁྱེར་གྱིས་དོན་དངོས་དང་བསྟུན་པའི་སྒོ་ནས《ཀོང་ཏུང་ཉིང་ཁྲི་ཐོན་ལས་ཁུལ་གྱི་ཁེ་ལས་ཞུགས་པའི་དོ་དམ་བྱེད་ཐབས(ཚོད་ལྟ)》གཏན་འབེབས་བྱས་ཏེ། ཁེ་ལས་ཐོན་ལས་ཁུལ་དུ་ཞུགས་པར་སྲིད་ཇུས་ཀྱི་གཞི་འཛིན་ས་དང་ཞབས་ཞུ་འགན་སྲུང་འདོན་སྤྲོད་བྱས། མིག་སྔའི་བར་དུ།  གླིང་ཁུལ་གྱི་སྒྲིག་ཆས་ཁ་ཚང་ཕལ་ཆེར་ལེགས་འགྲུབ་བྱུང་ནས་ཁེ་ལས་ཐོན་ལས་ཁུལ་དུ་ཞུགས་རྗེས་ཀྱི་དགོས་མཁོ་སྣ་ཚོགས་ནུས་ལྡན་ངང་སྐོང་ཐུབ་པ་རེད། ཉིང་ཁྲི་གྲོང་ཁྱེར་གྱིས་གཟིགས་སྐྱོང་ཆེ་བའི་སྲིད་ཇུས་དང་ཞབས་ཞུ་ཡག་པོས་ཐོན་ལས་ཁུལ་དུ་ཞུགས་པའི་ཁེ་ལས་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཀོང་ཏུང་ཉིང་ཁྲི་ཐོན་ལས་ཁུལ་ནི་ཀོང་ཏུང་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་བོད་སྐྱོར་འཆར་འགོད་ཀྱི་བོད་སྐྱོར་རྣམ་གྲངས་གལ་ཆེན་ཡིན་ཞིང་། དེ་ནི་ཉིང་ཁྲི་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་འཛུགས་སྐྲུན་གྱི་འགོ་བརྩམས་པའི་རྣམ་གྲངས་དང་ཐོན་ལས་ཁྱབ་འགྱེད་རྣམ་གྲངས་ཀྱང་ཡིན། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1.81བཏང་ཡོད་ཅིང་། གཞི་ཁྱོན་མུའུ105ཟིན།  གླིང་ཁུལ་དེ་ལྷ་ཉིང་མཐོ་རིམ་གཞུང་ལམ་ལ་ཤར་གཏོང་ཐུབ་པ་དང་། སྨན་གླིང་གནམ་གྲུ་འབབ་ཐང་དང་བར་ཐག་སྤྱི་ལེ42ལས་མེད་པས། ས་བབ་ཀྱི་ལེགས་ཆ་དང་འགྲིམ་འགྲུལ་གྱི་ཆ་རྐྱེན་ཡག་པོ་ལྡན་ཡོད། གླིང་ཁུལ་ནང་གི་ཁེ་ལས་ཀྱིས་མྱུར་ཚད་མགྱོགས་ཤོས་དང་མ་གནས་དམའ་ཤོས་ཀྱི་ཐོག་ནས་ཐོན་རྫས་འགྲིམ་འགྲུལ་ལྟེ་གནས་དང་ཟོག་འགྲེམས་བརྒྱུད་སྐྱེལ་ས་ཚིགས་སོ་སོ་རུ་བརྒྱུད་སྐྱེལ་བྱེད་ཆོག་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།