ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས21ཉིན། ལྷོ་ཁ་གྲོང་ཁྱེར་གྱིས་སྤྱི་ལོ2020ལོའི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་ཟངས་རི་རྫོང་དྲོ་སྐྱིད་གྲོང་ཚོར་སྤེལ་འགོ་བཙུགས་པ་མ་ཟད། རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གི་བཞུགས་མོལ་ཚོགས་འདུ་ཡང་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་དང་། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུལ་ཁྲེན་ཚང་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་འགོ་ཚུགས་པའི་ཚོགས་ཆེན་ལ་ཕེབས་པ་རེད།
སྤེན་པ་བཀྲ་ཤིས་ཀྱིས་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གི་བཞུགས་མོལ་ཚོགས་འདུའི་ཐོག ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ་ཞིག་དང་། སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་སྲ་བརྟན་དུ་གཏོང་བའི་ལོ་ཞིག་ཡིན་པས། སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ཆད་སྐྱོན་གསབ་པ། སྒྲིག་སྲོལ་ལམ་ལུགས་འཛུགས་པ་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་པ་དང་། སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོ་བརྒྱུད་མང་ཚོགས་ཚོའི་བསམ་བློ་བརྟན་པོ་འཛུགས་དགོས་ཤིང་། སློབ་གསོ་ལག་ལེན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་འགག་རྩ་ནི་རིམ་ཁག་ཧྲུའུ་ཅིའི་འགན་འཁྲི་ཨང་དང་པོ་དོན་འཁྱོལ་ཏན་ཏིག་བྱས་ཏེ། དྲིལ་བསྒྲགས་བསམ་བློ་རིག་གནས་ཚན་པའི་འགན་ནུས་དང་ཞིང་འབྲོག་པའི་སྒྲོག་འགྲེལ་རྐང་འཛིན་པའི་ནུས་པ། མང་ཚོགས་ཚོའི་བྱེད་པོའི་ནུས་པ་བཅས་འདོན་སྤེལ་ཏན་ཏིག་བྱེད་དགོས་པའི་ནན་གསུངས་གནང་བ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ལྷོ་ཁས་ད་ལོའི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོ་སྤེལ་འགོ་ཚུགས།