བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་གི་བསྒྱུར་བཟོ་རྒྱས་སྐྲུན་རྣམ་གྲངས་ཁག་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་གི་བསྒྱུར་བཟོ་རྒྱས་སྐྲུན་ལས་གཞི་དེ་ལོ་ལྔ་ཚན་བཅུ་གསུམ་པའི་རིང་བོད་ལྗོངས་ཀྱི་རིག་གནས་དམངས་ཕན་ལས་གཞི་ཞིག་ཡིན་པ་དང་།  རྣམ་གྲངས་དེའི་ལས་གཞི་སྤྱི་ལོ2019ལོའི་ཟླ7པར་ལེགས་སྒྲུབ་ཟིན་པ་དང་།  དེང་སྐབས་དུས་རིམ་གཉིས་པའི་ཨར་སྐྲུན་མཛེས་བཟོ་དང་སྒྲིག་ཆས་ཉོ་སྒྲུབ་སོགས་ཀྱི་དུས་མཚམས་སུ་སླེབས་ཡོད།

བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་གི་བསྒྱུར་བཟོ་རྒྱས་སྐྲུན་རྣམ་གྲངས་ཁག་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད།  རྣམ་གྲངས་སྐྲུན་འགན་ཚན་པའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།  དེང་སྐབས་བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་གི་བསྒྱུར་བཟོ་རྒྱས་སྐྲུན་ལས་གཞི་ཨ་མ་ལེགས་སྒྲུབ་ཟིན་ཡོད།  བསྒྱུར་བཟོ་རྒྱས་སྐྲུན་བྱས་རྗེས་ཀྱི་བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་གི་ས་ཆའི་རྒྱ་ཁྱོན་ལ་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ65000ཟིན་པ་དང་།  ཨར་སྐྲུན་གྱི་རྒྱ་ཁྱོན་ལ་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ58000ཟིན་ཞིང་ཕྱིའི་བཀོད་པ་ནི་སྲོལ་རྒྱུན་གྱི་བོད་བཟོའི་ཨར་སྐྲུན་རྣམ་པ་སྤྱད་ཡོད་པ་དང་།  རྣམ་གྲངས་དེ་སྐྲུན་ཟིན་རྗེས་རང་ལྗོངས་ཀྱི་ས་རྟགས་རང་བཞིན་གྱི་ཨར་སྐྲུན་དངོས་པོ་གཞན་ཞིག་ཏུ་གྱུར་རྒྱུ་རེད།

མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་མངོན་པའི་སྐར་ཁུང་གལ་ཆེན་ཞིག་གི་ངོས་ནས།  བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་ལ་རིག་གནས་ཀྱི་བྱེད་ནུས་དང་སྤྱི་པའི་ཞབས་ཞུའི་བྱེད་ནུས་གལ་ཆེན་ལྡན་ཡོད་པ་དང་།  བསྒྱུར་བཟོ་རྒྱས་སྐྲུན་བྱས་རྗེས་ཀྱི་བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་དེས་རིག་དངོས་ཉར་ཚགས་ཀྱི་ཆ་རྐྱེན་སྔར་བས་ལེགས་བཅོས་ཐུབ་རྒྱུ་དང་།  དེང་རབས་ཅན་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་དང་རིགས་ཁག་གི་སྤྱི་ཚོགས་སློབ་གསོའི་བྱེད་སྒོའི་ཁུལ་ཁོངས་གསར་སྣོན་ཐུབ་རྒྱུ་ཡིན་ཞིང་།  རྟེན་རྫས་བཤམས་སྟོན་ཁང་གི་ལས་རིགས་ཀྱི་འདུ་ཤེས་གསར་པས་ཁྲིད་ཕྱོགས་བྱེད་པ་དང་།  ཁྱད་ལྡན་གྱི་ཉར་ཚགས་དངོས་པོ་དང་ཁྱད་ལྡན་ཞིབ་འཇུག  ཁྱད་ལྡན་འགྲེམས་སྟོན།  ཁྱད་ལྡན་སློབ་གསོ་སོགས་ཀྱི་རྟེན་རྫས་བཤམས་སྟོན་ཁང་གཉེར་བའི་འདུ་ཤེས་དམིགས་ཚད་དུ་བྱེད་རྒྱུ་མ་ཟད།  སྤྱི་དམངས་ཀྱི་དགོས་མཁོ་གཞིར་བཟུང་སློབ་གསོའི་བྱེད་ནུས་འདོན་སྤེལ་བྱེད་རྒྱུར་མཐོང་ཆེན་ཡང་བྱས་ནས་སྤྱི་དམངས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།