བོད་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་གི་ལས་བྱེད་མང་ཚོགས་ཀྱིས་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཧུར་ཐག་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར།  བོད་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་གི་ལས་བྱེད་མང་ཚོགས་ཚོས་དུས་ཚིགས་དམ་འཛིན་ངང་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་ཏེ།  བྱ་སྤྱོད་ངོ་མའི་ཐོག་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་བཞིན་ཡོད།

མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་གྱི་ལས་བྱེད་མང་ཚོགས་ཚོས་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་པ་བརྒྱུད། རྒྱ་ལྕང་དང་འོམ་ཤིང་སོགས་སྡོང་ཕྲུག་རྐང1500ལྷག་ཙམ་བཙུགས་ཡོད།  མངའ་རིས་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུད་ཕྱོགས་བསྡུས་ཁོའོ་ཡི་ཁོའོ་ཀྲང་ཉི་མ་ཕུན་ཚོགས་ནས།  འོས་འགན་ཤིང་འཛུགས་བྱས་རྗེས་བདག་སྐྱོང་པ་བཀོད་སྒྲིག་བྱས་ཏེ།  འདེབས་འཛུགས་བྱས་པའི་ལྕང་ཤིང་གསོན་ཚད་འགན་ལེན་བྱས་ནས་སྐྱེ་ཁམས་བདེ་འཇགས་བརྟན་པོ་ཡོང་བ་བྱེད་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།

གྲ་ནང་ཟམ་ཆེན་དུ་ཡོད་པའི་ལྷོ་ཁའི་འོས་འགན་ཤིང་འཛུགས་ཁུལ་གྱི་མུའུ1100ཡི་སར་སྤྱིར་ན་ལྕང་ཤིང་འཛུགས་ཐུབ་པ་བྱུང་བ་དང་།  ས་ཆ་ཁག་ཅིག་ཏུ་གསབ་འཛུགས་དང་གསར་འཛུགས་བྱས་པའི་སྡོང་ཕྲུག་ཁག་ལ་སྲུང་སྐྱོང་ལས་དོན་སྤེལ་བཞིན་ཡོད།  ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་ཟུར་མཁར་སྡེ་ཁུལ་གྲོང་ཚོའི་གྲོང་མི་ནོར་བུ་བསམ་གྲུབ་ནས།  ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ཐད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་འདུག  ང་ཚོ་མི་རེས་ཉིན་རེར་སྡོང་ཕྲུག་རྐང30ནས90ཡི་བར་འཛུགས་ཐུབ་ཀྱི་འདུག་ཅེས་བཤད།

ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཕྱོགས་བཞི་བཀྲ་ཤིས་གྲོང་གསར་དུའང་ལས་བྱེད་མང་ཚོགས་ཚོས་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཏེ།  ཤིང་འཛུགས་ནགས་བཟོ་ཧུར་ཐག་བྱས་པ་དང་།  ས་ཆ་ཁག་གི་ཤིང་འཛུགས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་བསྟུན་ནས་སྡོང་ཕྲུག་འདེམས་གསོ་དང་ཁྱབ་གདལ་བཏང་བར་དགའ་འོས་པའི་གྲུབ་འབྲས་ཀྱང་ཐོབ་ཡོད།

རང་སྐྱོང་ལྗོངས་ཤིང་ནགས་ཚན་རིག་ཞིབ་འཇུག་ཁང་གི་སྡོང་ཕྲུག་འདེབས་འཛུགས་རྟེན་གཞིར་ལག་རྩལ་པ་དང་བཟོ་པ་ཚོས་སྡོང་ཕྲུག་འདེབས་འཛུགས་བྱེད་བཞིན་ཡོད།  རང་ལྗོངས་ཀྱི་ཡུལ་ཤིང་གི་སོན་རིགས་ཐོན་སྐྱེད་ཐུབ་པའི་ཚན་རིག་ཞིབ་འཇུག་ཚན་པ་ཕུལ་བྱུང་ཞིག་གི་ངོས་ནས།  དེང་སྐབས་ཚན་རིག་ཞིབ་འཇུག་ཁང་དེར་ཡུལ་ཤིང་སྡོང་ཕྲུག་འདེབས་འཛུགས་ལག་རྩལ་ཁག78ཡོད་པ་དང་།  ལོ་གསུམ་རིང་སྡོང་ཕྲུག་རྐང་ཁྲི་ཚོ500ལྷག་ཙམ་ཕྱིར་འཚོང་བྱས་ཏེ།  རང་ལྗོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ཐད་ལག་རྩལ་གྱི་འདེགས་སྐྱོར་དང་སྡོང་ཕྲུག་གི་འགན་སྲུང་མཁོ་འདོན་བྱས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན།  ད་ལོ་ལྗོངས་ཡོངས་ཀྱིས་སྒོར་དུང་ཕྱུར14ཙམ་སྒྲིལ་བཅོས་བྱས་ནས་ནགས་བཟོ་མུའུ་ཁྲི་ཚོ95ཙམ་བྱེད་རྩིས་ཡོད་ཅིང་།  དམངས་ཡོངས་དང་སྤྱི་ཚོགས་ཡོངས་འོས་འགན་ཤིང་འཛུགས་ནང་ཞུགས་ཐུབ་པ་བྱས་ཏེ།  སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་སྤེལ་ཟམ་མི་ཆད་པ་གཏོང་རྒྱུ་དང་།  རྒྱལ་ཁབ་ས་ཆ་ལྗང་འགྱུར་ཇེ་མགྱོགས་སུ་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་ལེགས་པོ་ཡོང་བ་བྱེད་རྒྱུ་རེད།

རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུད་ཀྱི་སྐོར་གཟིགས་པ་གཞོན་པ་ཧུ་ཀྲེ་ཀོང་ནས་ངོ་སྤྲོད་བྱས་པར་གཞིགས་ན།  ད་བར་ལྗོངས་ཡོངས་ཀྱིས་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་ཚོ29བྱས་ཡོད་པ་དང་།  གོམ་སྟབས་རྗེས་མར་ནགས་བཟོའི་རྣམ་གྲངས་ཀྱི་སྤུས་ཚད་ལྟ་སྡོམ་ལ་ཤུགས་སྣོན་རྒྱག་པ་དང་།  ནགས་བཟོའི་ཐད་སྔོན་ལ་ནགས་བཟོ་བྱེད་པ་དང་རྗེས་སུ་ཁ་གསབ་སྤྲོད་པའི་བསྒྱུར་བཅོས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་བཏང་ཐོག་ནགས་བཟོའི་སྤུས་ཚད་ལེགས་སུ་ཏན་ཏིག་བཏང་ནས།  ལོ་འཁོར་གྱི་འཆར་འགོད་ལས་འགན་སྤུས་ལེགས་ངང་ལེགས་སྒྲུབ་ཐུབ་པ་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།