ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་སོ་ནམ་དུས་ཚོད་དམ་འཛིན་བྱས་ནས་ཐོན་སྐྱེད་འགན་ལེན་བྱེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གནམ་གཤིས་དྲོ་རུ་ཕྱིན་པ་བརྒྱུད་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གི་འབྲས་ཤིང་ལ་ཐེའུ་གཏོང་འགོ་ཚུགས་པ་དང་གྲོ་དང་སྔོ་ཚལ་སོགས་ཞིང་ལས་སྐྱེ་དངོས་འདེབས་འཛུགས་བྱེད་འགོ་ཚུགས་ཤིང་། དཔྱིད་རྨོད་དཔྱིད་འདེབས་དང་ཐོན་སྐྱེད་སླར་གསོ་དེ་མིག་སྔའི་ལས་དོན་གཙོ་བོའི་གྲས་སུ་གྱུར་ཡོད།

ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཐང་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཆུང་བདག་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཐང་སྨད་གྲོང་ཚོར་ཀུ་ཤུའི་རྟེན་གཞི་ཁྱོན་མུའུ་282ཡོད། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པར་བརྟེན་གྲོང་མི་རྣམས་ཐོན་སྐྱེད་ནང་ཞུགས་ཐུབ་མེད། དེར་བརྟེན་གྲོང་ཚོས་ཀུ་ཤུའི་རྟེན་གཞི་འགན་གཙང་ཁུལ་15ལ་ཕྱེ་ནས་ཉིན་ལྟར་ཏང་ཡོན་གཉིས་ཀྱིས་རེས་སྐོར་བྱས་ནས་རྟེན་གཞིར་ལས་ཀ་བྱས་ཏེ། འགན་གཙང་ཁུལ་གྱི་ཀུ་ཤུའི་སྡོང་པོར་ཡལ་བཅོས་རྒྱག་པ་དང་། ལུད་རྒྱག་པ། འབུ་འགོག་པ་སོགས་ཀྱི་ལས་དོན་སྒྲུབ་ཀྱི་ཡོད་ཅེས་བརྗོད་བྱུང་།

ཀུ་ཤུའི་རྟེན་གཞིར་གསར་འགོད་པས་ཏང་ཡོན་བསོད་ནམས་དབང་མོས་ཀུ་ཤུའི་སྡོང་པོར་ཡལ་བཅོས་རྒྱག་པ་མཐོང་། ཁོང་གིས“རིམས་ནད་ད་དུང་མཇུག་འགྲིལ་མེད་པས། མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་ལ་བསམ་བློ་བཏང་ནས། ལས་ཀ་ཚང་མ་ང་ཚོ་ཏང་ཡོན་གྱིས་བྱེད་ཀྱི་ཡོད”ཅེས་རྔུལ་ནག་ཕྱིས་བཞིན་དུ་བརྗོད་བྱུང་།

ཀུ་ཤུའི་རྟེན་གཞི་དང་མི་རིང་བའི་སར་ཡོད་པའི་སྔོ་ཚལ་དྲོད་ཁང་ནང་གྲོང་མི་ཁག་གཅིག་སིལ་ར་འཁྱེར་ནས་སོ་ལོ་སྔོན་པོ་དང་ཆིལ་ཙི་སོགས་འཐུ་བཞིན་འདུག ཐང་སྨད་གྲོང་ཚོར་མུའུ་650ཡོད་པའི་སྔོ་ཚལ་རྟེན་གཞིར་རིག་ནུས་དྲོད་ཁང་11དང་གྲང་ཁང་2ཡོད་ཅིང་། དེར་བཏབ་པའི་སྔོ་ཚལ་སོས་པ་ཚང་མ་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་མིར་མཁོ་འདོན་བྱེད་ཀྱི་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་བ་བརྒྱུད་སྔོ་ཚལ་རྟེན་གཞིའི་མཁོ་སྤྲོད་འགན་ལེན་ལས་འགན་ལྕི་རུ་ཕྱིན་པ་དང་དྲོད་ཁང་སྲུང་མཁན་དང་། འདེབས་འཛུགས་བྱེད་མཁན། སྐྱེལ་འདྲེན་བྱེད་མཁན་སོགས་འདང་གི་མེད།

ཏང་ཡོན་བཀྲ་ཤིས་དགེ་ལེགས་ཀྱིས་སྔོ་ཚལ་རྟེན་གཞིའི་དཀའ་ངལ་ཤེས་རྗེས། བཟའ་ཟླ་འཁྲིད་དེ་རང་འགུལ་ངང་སྔོ་ཚལ་རྟེན་གཞིའི་ལས་དོན་ནང་ཞུགས་པ་རེད། ཁོང་གི་འབོད་སྐུལ་འོག་ཉུང་མཐར་ཡང་ཉིན་ལྟར་ཐང་སྨད་གྲོང་ཚོའི་ཏང་ཡོན་དང་མང་ཚོགས་15སྔོ་ཚལ་རྟེན་གཞིའི་ལས་དོན་ནང་ཞུགས་ཡོད། མིག་སྔར་དྲོད་ཁང་ནང་པད་ཚལ་ཆུང་བ་དང་། ཧྲང་ཧའེ་པད་ཚལ། ཨོ་སུན། པོ་ཚལ་སོགས་བཏབ་ཡོད་ལ་ཡག་པོ་སྐྱེས་རྗེས་གྲོང་མིའི་སྔོ་ཚལ་གྱི་དགོས་མཁོ་སྐོང་ཐུབ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།