ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་པ་མི་ཐེངས8790ལས་ཞུགས་གཞན་སྒྱུར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས22ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ཉིང་ཁྲི་གྲོང་ཁྱེར་དུ་རོང་འབྲོག་པ་མི་ཐེངས8790ལས་ཞུགས་གཞན་སྒྱུར་བྱས་པ་དང་ལས་ཞུགས་གཞན་སྒྱུར་གྱི་ཡོང་འབབ་སྒོར་ཁྲི2344.6ཟིན་པ་དེ་དག་གཙོ་བོ་ཨར་སྐྲུན་བཟོ་ལས་དང་། གཏེར་ལས། བཟའ་བཏུང་ཡུལ་སྐོར་ཞབས་ཞུ། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་སོགས་ཁྱབ་ཁོངས་སུ་གཅིག་སྡུད་བྱས་ཡོད་པ་རེད། 

ད་ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་ལས་ཞུགས་ལས་གནས5000གསར་སྤེལ་དང་མི15300ལ་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་ནས་རོང་འབྲོག་པ་མི་ཐེངས70000དང་མི35000ལས་ཞུགས་གཞན་སྒྱུར་གྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱས་པ་རེད། ཁེ་ལས་ལ་རོགས་སྐྱོར་བྱས་ནས་ལས་གནས་བརྟན་པོར་གཏོང་བ་དང་། ཐོན་ལས་རྣམ་གྲངས་ཀྱིས་སྐུལ་ཁྲིད་བྱེད་པ། རྩ་འཛུགས་ཅན་གྱི་ངལ་ནུས་ཕྱིར་གཏོང་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་རོང་འབྲོག་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་རྩིས་ཡོད་པ་རེད། 

རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་བཏང་ནས་སྤྱི་ཚོགས་ཀྱི་ལས་ཞུགས་བརྟན་པོ་ཡོང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་ཁེ་ལས25ཡི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྒོར་ཁྲི80.11ཕྱིར་སློག་པ་དང་། འགན་བཅོལ་ནང་ཞུགས་མཁན་ཚན་པ140ཡི་ཟླ2པ་ནས4བར་གྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྒོར་ཁྲི265.74ཉུང་དུ་བཏང་བ། ཁེ་ལས་ཀྱི་ལས་གནས་བརྟན་གཏོང་གི་ཁ་གསབ་དང་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་དང་། ཐེངས་གཅིག་ལ་བསྡུ་བའི་ལས་ཞུགས་བྱ་དགའི་མ་དངུལ་དང་ལས་ཤོར་འགན་བཅོལ་མ་དངུལ་སྒོར་ཁྲི614.09གསབ་སྤྲོད་བྱས་པས་ཁེ་ལས39དང་མི1781ལ་ཕན་པ་ཐོབ་ཡོད། 

ཉིང་ཁྲི་གྲོང་ཁྱེར་གྱིས་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་ལས་ཞུགས་ལས་གནས་གསར་སྤེལ་ཧུར་ཐག་བྱས་ཤིང་། མིག་སྔའི་བར་ཉིང་ཁྲི་གྲོང་ཁྱེར་གྱིས་བསྡོམས་པས་ལས་ཞུགས་ལས་གནས2700ལྷག་ཙམ་གསར་སྤེལ་བྱས་ཡོད། ལྷག་པར་དུ་ལྷ་ཉིང་ལྕགས་ལམ་དང་ཁྲོན་བོད་ལྕགས་ལམ་སོགས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་པའི་སྐབས་སུ་རྣམ་གྲངས་འཛུགས་སྐྲུན་གྱིས་རོང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྲིད་གཞུང་གི་མ་འཇོག་རྣམ་གྲངས་དང་ལྷག་པར་དུ་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ཁྲོད་ཉིང་ཁྲི་གྲོང་ཁྱེར་གྱི་ངལ་ནུས་ལས་མི་སྤྱོད་ཚད་དེ་རྣམ་གྲངས་ཡོངས་ཀྱི་ལས་མི་སྤྱོད་ཚད་ཀྱི60%ཡན་ཟིན་དགོས་པའི་བླང་བྱ་གསལ་བོ་བཏོན་ཡོད། 

རོང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ཏན་ཏིག་དང་ནུས་ལྡན་ཡོང་ཆེད། ཉིང་ཁྲི་གྲོང་ཁྱེར་དང་ཁྲོན་བོད་ལྕགས་ལམ་ཚད་ཡོད་ཀུང་སིས་ཉེ་ཆར་དུས་ཐེངས་དང་པོའི“མངགས་ཐོའི་ཁ་ཕྱོགས་གཏན་ཁེལ”ཡིན་པའི་གསོ་སྦྱོང་སྤེལ་བ་དང་མིང་ཐོ་འགོད་མཁན295ཟིན་པ་དང་། སྐོར་དང་པོའི་སློབ་མ120ཧྲན་ཏུང་ལན་ཞང་ལག་རྩལ་པའི་སློབ་གླིང་དུ་གསོ་སྦྱོང་བྱེད་པར་སྐྱོད་རྒྱུ་དང་། གསོ་སྦྱོང་ཚད་ལོན་རྗེས་ཁྲོན་བོད་ལྕགས་ལམ་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པས“མངགས་ཐོའི”ལས་གནས་མཁོ་འདོན་བྱ་རྩིས་ཡོད་པ་རེད། ད་ལོའི་ལོ་སྟོད་དུ་ལྕགས་རྩིབས་བཟོ་པ་དང་། ཚ་ལ་རྒྱག་མཁན། ལས་གཞིའི་འཕྲུལ་ཆས་ཞིག་གསོ་བཟོ་པའི“མངགས་ཐོའི”ལས་གནས80ཉིང་ཁྲིའི་མཐོ་སློབ་མཐར་ཕྱིན་སློབ་མ་དང་རོང་འབྲོག་པའི་ལས་ཞུགས་ཐད་སྤྱོད་རྩིས་ཡོད་པ་རེད། 

ཉིང་ཁྲི་གྲོང་ཁྱེར་གྱིས་རོང་འབྲོག་པའི་ངལ་ནུས་ཕྱིར་གཏོང་སྒྲིག་འཛུགས་ཅན་དུ་འགྱུར་ཚད་མཐོ་རུ་བཏང་སྟེ“ངལ་ནུས་མངགས་གཏོང་དང་སྤྱི་པའི་དངོས་སྦྱོང་སྒྲིག་གཞི་བཙུགས་ནས་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་ངལ་ནུས་ཁྲོམ་ར་ཡོངས་སུ་ཁྱབ་པ་བྱ་རྒྱུ་མ་ཟད། ད་དུང་གྲོང་ཚོ་རིམ་པར་བསྲིངས་རྒྱུ”དེ2020ལོའི་དམངས་འཚོའི་བྱ་བ་དངོས་བཅུའི་གྲས་སུ་འཇོག་རྒྱུ་ཡིན་པ་རེད། མིག་སྔར་ཉིང་ཁྲི་གྲོང་ཁྱེར་གྱིས་རོང་འབྲོག་པའི་ངལ་ནུས་ཕྱིར་གཏོང་གི་རྩ་འཛུགས10བཙུགས་པ་དང་། གྲོང་ཁྱེར་དང་རྫོང(ཆུས)རིམ་པ་གཉིས་ཡོངས་སུ་ཁྱབ་པ་བྱས་ནས་ངལ་ནུས་ཕྱིར་གཏོང་གི་མི2200ལྷག་ཙམ་ཟིན་པ་མངོན་འགྱུར་བྱུང་བ། རྩ་འཛུགས་ཅན་གྱི་ངལ་ནུས་ཕྱིར་གཏོང་གི་མི་གྲངས་ཀྱིས་རོང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་བསྡོམས་འབོར་གྱི30%བཟུང་ཡོད་པ་རེད། དེ་དང་ཆབས་ཅིག་ཏུ་ཤང་དང་གྲོང་རྡལ་གྱི་རོང་འབྲོག་པའི་ལས་ཞུགས་ཞབས་ཞུ་ཁང་དང་། གྲོང་ཚོའི་རོང་འབྲོག་པའི་ལས་ཞུགས་ཞབས་ཞུའི་ས་ཚིགས། ལས་མིའི་མཉམ་འབྲེལ་རུ་ཁག་བཅས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ལ་ལོ་འདིའི་ནང་ཚང་མ་བསྐྲུན་ཚར་རྒྱུའི་འཆར་གཞི་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།