དུས་ཚིགས་དང་པོར་ཆབ་མདོ་གྲོང་ཁྱེར་གྱིས་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར36.54ལེགས་འགྲུབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་ཆབ་མདོ་གྲོང་ཁྱེར་གྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་བརྙན་འཕྲིན་ཁ་པར་སྟེང་ནས་རྒྱུས་ལོན་པ་ལྟར་ན། དུས་ཚིགས་དང་པོར་གྲོང་ཁྱེར་ཡོངས་ཀྱིས་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར36.54ལེགས་འགྲུབ་བྱས་ཤིང་། དུས་མཉམ་ལས8%འཕར། དེའི་ཁྲོད་ཐོན་ལས་དང་པོའི་འཕར་བའི་རིན་ཐང་སྒོར་དུང་ཕྱུར2.2ལ་སླེབས་པ་དང་དུས་མཉམ་ལས3.8%འཕར། ཐོན་ལས་གཉིས་པའི་འཕར་བའི་རིན་ཐང་སྒོར་དུང་ཕྱུར6.7ལ་སླེབས་པ་དང་དུས་མཉམ་ལས13.5%འཕར། ཐོན་ལས་གསུམ་པའི་འཕར་བའི་རིན་ཐང་སྒོར་དུང་ཕྱུར27.64ལ་སླེབས་ཏེ་དུས་མཉམ་ལས6.8%བཅས་འཕར་ཡོད་པས། དཔལ་འབྱོར་འཕར་ཚད་སྤྱིའི་ཆ་ནས་བརྟན་རླིང་ཡིན་པ་རེད།

ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་གནས་བབ་ལེགས་པ། ཟླ1པོ་ནས་ཟླ3པའི་བར། ཞིང་ཕྱུགས་ལས། ནགས་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་ཁྲི31356ལེགས་འགྲུབ་བྱས་ཤིང་དུས་མཉམ་ལས5.8%འཕར། སྔོ་ཚལ་དང་། ཤ་རིགས། འོ་མའི་ཐོན་འབབ་སོ་སོ་ནས་ཏུན365.1དང་། ཏུན1020། ཏུན1794བཅས་ལ་སླེབས་ཏེ་དུས་མཉམ་ལས་སོ་སོར4.9%། 3% 3%བཅས་འཕར་ཡོད། དཔྱིད་རྨོས་དཔྱིད་འདེབས་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་ཏེ། བསྡོམས་པས་ཞིང་ལུད་ཏུན6488ཉོ་སྒྲུབ་བྱས་ཤིང་། སོན་བཟང་རྒྱ་མ་ཁྲི284.5ཉོ་སྒྲུབ་དང་གཏོང་འདྲེན་བྱས་ནས། དཔྱིད་འདེབས་གཞི་ཁྱོན་མུའུ་ཁྲི6.94ལེགས་འགྲུབ་བྱུང་ཡོད།

བཟོ་ལས་ཐོན་སྐྱེད་འཕར་སྣོན་བྱུང་ཡོད་པ་དང་མར་ཆག་པའི་གནས་ཚུལ་ཡང་ཡོད། ཟླ1པོ་ནས་ཟླ3པའི་བར་གློག་འབྱེད་ཟངས་ཀྱི་ཐོན་ཚད་ཏུན2100ལ་སླེབས་ནས་དུས་མཉམ་ལས19%འཕར། ཟངས་ལྕགས་རིགས་ཀྱི་འདུས་ཚད་ཏུན6000ལ་སླེབས་ནས་དུས་མཉམ་ལས7.4%འཕར་ཡོད། ཨར་འདམ་གྱི་ཐོན་ཚད་ཏུན9ལ་སླེབས་པ་དང་དུས་མཉམ་ལས24.9%མར་ཆག སྦི་རག་གི་ཐོན་ཚད་སྟོང་ཧྲེང6000ལ་སླེབས་ཏེ་དུས་མཉམ་ལས23.4%ཆག་ཡོད། ལྕགས་རྡོ་གྱི་ཐོན་ཚད་ཏུན་ཁྲི7ལ་སླེབས་པ་དང་། ཆུ་འདོན་ཚད་སྨི་གྲུ་བཞི་ལྷམ་པ་ཁྲི210ལ་སླེབས། གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་སྐྱེད་སྤྱིའི་རིན་ཐང་ཚོད་རྩིས་བྱས་པ་ལྟར་ན་སྒོར་དུང་ཕྱུར4.65ལེགས་འགྲུབ་བྱུང་སྟེ་དུས་མཉམ་ལས7%འཕར་ཡོད། 

གཙོ་གནད་རྣམ་གྲངས་གོ་རིམ་ལྡན་པའི་ངང་ནས་ལས་འགོ་བསྐྱར་ཚུགས་བྱས། ས་ཁུལ་དང་རིམ་པ་དབྱེ་སྟེ་གནད་འཕིགས་ལས་ཐོན་བསྐྱར་ཚུགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཕྱོགས་ཡོངས་ནས་རྫོང་ཁོངས་སྔོན་འགོག་ཚོད་འཛིན་ཁྱད་པར་ཅན་དང“ཁེ་ལས་རེ་ལ་སྲིད་ཇུས་རེའི”དོ་དམ་ཞབས་ཞུ་རྣམ་པ་དངོས་འབེབས་བྱས་པ་དང་། གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་ཚུགས་ཀྱི་དུས་ཚོད་རེའུ་མིག་དང་ལམ་ཐིག་རི་མོ་གནད་འཕིགས་གཏན་འབེབས་བྱས་ཏེ། གཙོ་གནད་རྣམ་གྲངས་བདེ་བླག་ངང་ལས་འགོ་བསྐྱར་ཚུགས་བྱེད་པར་ཁག་ཐེག་བྱས།

ཟླ3པའི་ཟླ་མཇུག་བར་དུ། གྲོང་ཁྱེར་ཡོངས་སུ་རྣམ་གྲངས་བྱེ་བྲག187ལས་འགོ་བསྐྱར་ཚུགས་བྱས་ཤིང་། ལས་འགོ་བསྐྱར་ཚུགས་བྱེད་ཚད71%ལ་སླེབས། ཚོད་རྩིས་བྱས་པ་ལྟར་ན་དུས་ཚིགས་དང་པོར་གྲོང་ཁྱེར་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་དངུལ་གཏོང་དུས་མཉམ་ལས17%འཕར་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།