བོད་ལྗོངས་ཀྱིས་གྲོང་གསེབ་ཡུལ་སྐོར་གྱི་སྤུས་ལེགས་ལམ་ཐིག4བཏོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས17ཉིན་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིན་གྱིས་ལྷ་སར་གྲོང་གསེབ་ཡུལ་སྐོར་གྱི་སྤུས་ལེགས་ལམ་ཐིག4བཏོན་པ་རེད། ལམ་ཐིག་དེ་དག་བོད་ལྗོངས་ཀྱིས་ཉེ་བའི་ལོ་འགའི་རིང་ནུས་ཤུགས་ཡོད་རྒུས་བཏོད་པའི་གྲོང་གསེབ་ཡུལ་སྐོར་ས་ཚིགས་ཀྱི་བཀོད་སྒྲིག་ལ་དམིགས་པ་ཡིན་ལ། དེའི་ནང་བོད་ཤར་རྒྱུད་ཀྱི་ཁམ་བུ་གྲོང་ཚོའི་རྗེས་འཚོལ་ཡུལ་སྐོར་དང་། བོད་ལྷོ་རྒྱུད་ཀྱི་རོང་དམར་ཡུལ་སྐོར། བོད་ནུབ་རྒྱུད་ཀྱི་ཞིང་ལས་སོས་དལ་ཡུལ་སྐོར། བོད་བྱང་ཐང་གི་སྦྲ་གུར་ནག་པོའི་ཡུལ་སྐོར་བཅས་ཚུད་ཡོད་པ་དང་ལམ་ཐག་ཉིན2ནས3བར་ཡིན་པས་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་བ་ཕྱིར་སྐྱོད་རྒྱུར་འཚམ་པ་རེད།

 བོད་ཤར་རྒྱུད་ཀྱི་ཁམ་བུ་གྲོང་ཚོའི་རྗེས་འཚོལ་ཡུལ་སྐོར་གཙོ་བོ་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཚིགས་ཀྱི་རང་བྱུང་མཛེས་ལྗོངས་དང་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ལ་དམིགས་ནས་སྤོ་བོ་རྫོང་ཁམ་བུའི་མེ་ཏོག་ལུང་བ་དང་བྲག་གསུམ་མཚོ། སྤོ་བོ་རྫོང་ཐོག་ཁང་དམར་པོ་སོགས་མཛེས་ལྗོངས་ཁུལ་དང་། བོད་ལྷོ་རྒྱུད་ཀྱི་རོང་དམར་ཡུལ་སྐོར་དུ་སྐྱོད་སྐབས་རྒྱལ་ཁབ་རིམ་པའི་ལེགས་པོ་རོང་མཛེས་ལྗོངས་ཁུལ་གཙོ་བོར་བྱས་ཏེ་མག་མང་གྲོང་ཚོ་དང་། རོང་མཚོ་སོགས་རང་བྱུང་མཛེས་ལྗོངས་ཁུལ་དང་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ། བོད་ནུབ་རྒྱུད་ཀྱི་ཞིང་ལས་སོས་དལ་ཡུལ་སྐོར་ནི་ཞིང་ལས་བརྗོད་དོན་གཙོ་བོར་བྱས་ནས་པ་སྣམ་རྫོང་གི་གྲོང་གསེབ་ཐོན་ལས་མཉམ་འདྲེས་འགྲེམས་སྟོན་དཔེ་སྟོན་གླིང་དང་། ཆུ་ཤུར་རྫོང་གི་རྒྱལ་ཁབ་གྲོང་གསེབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་། རྒྱལ་རྩེ་རྫོང་གི་དབྱིན་འགོག་གནའ་ཤུལ་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ། བོད་བྱང་ཐང་གི་སྦྲ་གུར་ནག་པོའི་ཡུལ་སྐོར་གཙོ་བོ་ཡངས་པ་ཅན་ཆུ་ཚན་དང་། བདེ་སྐྱིད་བོད་ཁྱིམ། སྟར་སྟོང་གྲོང་ཚོ་སོགས་མཛེས་ལྗོངས་ཁུལ་འོས་སྦྱོར་དང་ཁྱབ་གདལ་དུ་བཏང་ཡོད།

བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིན་གྱི་ཐིན་ཀྲང་ཝང་སུང་ཕིང་གིས་བོད་ལྗོངས་ཀྱི་ཡུལ་སྐོར་ལ་པྲོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་མོད། འོན་ཀྱང་སྤྱིའི་ཆ་ནས་ལེགས་པོའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་སྤུས་ལེགས་ལམ་ཐིག་བཏོན་པ་དེས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་སླར་ཡང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་མཐོ་རུ་འགྲོ་རྒྱུ་རེད་ཅེས་བཤད། 

མིག་སྔར། རིམས་ནད་སྔོན་འགོག་ཚོད་འཛིན་ལེགས་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག བོད་ལྗོངས་ཀྱི་རང་བྱུང་མཛེས་ལྗོངས་ཁུལ་དག་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་བར་གོ་རིམ་ལྡན་པའི་ངང་སྒོ་ཕྱེས་པ་རེད། གནམ་མཚོ་མཛེས་ལྗོངས་ཁུལ་དེ་ཟླ4པའི་ཚེས15ཉིན་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་བར་སྒོ་ཕྱེས་པ་དང་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་གྱིས་ལྗོངས་ནང་ཁུལ་གྱི་ཐོབ་ཐང་ལག་ཁྱེར་ཡོད་པའི་ཡུལ་སྐོར་བར་ཟླ་5པའི་ཚེས1ཉིན་བར་སྤ་སེ་མི་དགོས་པའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ཡོད། དེ་དང་ཆབས་ཅིག་ཏུ་ཡུལ་སྐོར་ལས་དོན་ཁང་གིས་ཀྱང་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་བར་ཁ་ཕྱོགས་ཏེ་ཟས་སྡོད་སྔོན་མངག་དང་ཡུལ་སྐོར་བློ་འདྲི་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།