ཝུའུ་དབྱིང་ཅེ་ལྷོ་ཁ་གྲོང་ཁྱེར་གྱི་ལྷོ་བྲག་རྫོང་དུ་མཐའ་མཚམས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་།

0e40cf47-2efd-4c5e-aaa8-0e4a38c7b2f2.jpg.1.jpg

འདི་ནི་ལྷོ་བྲག་རྫོང་ཁོངས་ཀྱི་ས་ཐག་རིང་ཤོས་ཀྱི་མཐའ་མཚམས་གྲོང་ཚོ་བྱི་ལི་ཕུག་གྲོང་གསར་དུ་ཝུའུ་དབྱིང་ཅེས་ཡུལ་མི་ཚོ་དང་བྱམས་བརྩེའི་ངང་ཅི་འཕྲོས་མོལ་འཕྲོས་ཀྱིས་བདེ་སྡུག་བཀའ་འདྲི་གནང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་ཤས་རིང་ལྗོངས་ཏང་ཨུད་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཆེ་རུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པའི་ཁར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་བློ་རྩེ་གཅིག་ཏུ་བསྒྲིམས་ནས་སློབ་སྦྱོང་དང་། ཤེས་རྟོགས། དོན་འཁྱོལ་བཅས་བྱེད་པ་དང་། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་མཐའ་མཚམས་སྲ་བརྟན་དང་། འཕེལ་རྒྱས། བདེ་འཇགས་བཅས་ཡོང་བའི་འགན་ལེན་བྱས་ཡོད། “མཐའ་མཚམས་མི་སེར་གྱི་ཐོན་སྐྱེད་དང་འཚོ་བ་གང་འདྲ་ཡོད་མིན”དང་། “མཐའ་སྲུང་མཐའ་བརྟན་གྱི་གནས་ཚུལ་གང་འདྲ་ཡོད་མིན”ཐད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མཐོང་ཆེན་པོ་གནང་གི་ཡོད། ཚེས་14ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་དབྱིང་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་བསྣམས་ཏེ། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་གི་མཐའ་མཚམས་གྲོང་ཚོ་དང་ལས་སྒྲུབ་ས་ཚིགས་སོགས་འཐབ་ས་མདུན་ཤོས་སུ་ཕེབས་ནས། མཐའ་མཚམས་ས་ཁུལ་གྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་དང་། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན།  མཐའ་མཚམས་ས་ཁུལ་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་གལ་ཆེན་བློ་ལ་བརྟན་པོར་ངེས་པ་དང་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ས་མཐོའི་མཐའ་མཚམས་སུ་རྩ་བ་བརྟན་པོར་ཚུགས་པར་བྱས་ཏེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱས་ནས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།

ལ་རྒྱབ་ཤང་ཁོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོར་དཀར་ཆ་དོད་པའི་སྡོད་ཁང་གསར་པ་གྲལ་སྟར་འགྲིག་པ་དང་། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་རླུང་གིས་དལ་བུར་གཡོ་བ། མི་རྣམས་ཀྱི་བཞིན་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་མཆིས། ཡུལ་མི་ཆོས་སྒྲོན་གྱི་དཀར་ཆ་དོད་པའི་ཁང་པ་གསར་པའི་ནང་དུ་ཝུའུ་དབྱིང་ཅེས་ཚང་མ་དང་པུས་མོ་མཉམ་གཤིབ་ཀྱིས་བཞུགས་ཏེ། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་མཐའ་མཚམས་མི་སེར་གྱི་ཡོང་འབབ་སྐོར་ལ་བཀའ་འདྲི་གནང་བ་མ་ཟད། ད་དུང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཡང་ནན་ཏན་གསན་པ་རེད། ཆོས་སྒྲོན་གྱི་ཁྱིམ་དུ་བརྙན་འཕྲིན་དང་། འཁྱག་སྒམ། གློག་འགུལ་སྐམ་ཆས་སོགས་ཁྱིམ་སྤྱོད་གློག་ཆས་སྣ་ཚོགས་དང་སྤུས་ཀ་དག་པའི་བོད་བཟོའི་ཁྱིམ་ཆས་ཡོད་པ་གཟིགས་སྐབས། ཝུའུ་དབྱིང་ཅེས་གསུང་ཚིག་ནན་ཞིང་ཐུགས་བརྩེ་ཆེན་པོས་ཚང་མ་འབྱོར་འབྲིང་འཚོ་བ་སྐྱེལ་བཞིན་པ་མཐོང་དུས་དགའ་ཚོར་ཆེན་པོ་སྐྱེ་ཡི་འདུག ཚང་མས་མཐའ་མཚམས་ས་ཁུལ་ལ་དེ་རིང་ལྟ་བུའི་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བ་དང་ཚང་མས་ད་ལྟའི་བདེ་སྐྱིད་འཚོ་བ་སྐྱེལ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་གནང་བ་ལས་བྱུང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་མཐའ་བརྟན་བོད་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་གྱིས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བ། མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་དང་རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པར་རོགས་སྐྱོར་བྱས་པ་ལས་བྱུང་བ་བཅས་ཡིན་པ་གསལ་པོ་ཤེས་པར་བྱེད་དགོས། ཚང་མས་ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་བཀའ་དྲིན་ཚོར་བར་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ་དགོས། དཀའ་སྤྱད་འབད་འཐབ་དང་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པའི་ཁར། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་དགོས། མཐའ་མཚམས་ས་ཁུལ་གྱི་རྩྭ་དང་རྩི་ཤིང་ཚང་མར་སྲུང་སྐྱོང་བྱེད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མཐའ་མཚམས་ས་ཁུལ་གྱི་ཞི་མཐུན་བརྟན་ལྷིང་འགན་ལེན་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

བྱི་ལི་ཕུག་ཆགས་སའི་ལ་རྒྱབ་ཤང་པད་ཡུལ་ཁུལ་ནི་ལྷོ་བྲག་རྫོང་ཁོངས་ཀྱི་མཐའ་མཚམས་ས་ཁུལ་ཐག་རིང་ཤོས་ཤིག་རེད།

གྲོང་ཚོའི་ཐང་ཆེན་དུ་ཝུའུ་དབྱིང་ཅེས་ཡུལ་མི་ཚོ་དང་བྱམས་བརྩེའི་ངང་ཅི་འཕྲོས་མོལ་འཕྲོས་ཀྱིས་བདེ་སྡུག་བཀའ་འདྲི་གནང་ཞིང་། ཚང་མས་བྱི་ལི་ཕུག་ལ་དེ་སྔོན་གློག་དང་། ཆུ། སྡོད་ཁང་། གློག་འཕྲིན་བཅས་མེད་པ་མ་ཟད། ད་དུང་གངས་བབས་ནས་རི་རྒྱ་སྡོམ་སྐབས་བྱི་ལི་ཕུག་ལོ་ཕྱེད་ཙམ་ཕྱི་རོལ་དང་འབྲེལ་བ་ཆད་ཀྱི་ཡོད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་2016ལོར་བྱི་ལི་ཕུག་ལ་སྲིད་འཛིན་གྲོང་ཚོ་བཙུགས་ནས་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་གཏན་འཁེལ་བྱས་པ་དང་། 2018ལོར་བྱི་ལི་ཕུག་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་བསྐྲུན་ནས་མང་ཚོགས་ཚང་མ་སྡོད་ཁང་གསར་པར་སྤོས་པ། 2019ལོར་བྱི་ལི་ཕུག་གྲོང་ཚོའི་འབྲོག་པ་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཟིན་ཡོད། ང་ཚོས་ངེས་པར་དུ་མེས་རྒྱལ་གྱི་མཐའ་མཚམས་ཡག་པོ་བསྲུངས་ཏེ་རང་ཉིད་ཀྱི་ཕ་ཡུལ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་སྐྲུན་གྱི་ཡིན་ཞེས་ཞུས་པ་དང་། ཚང་མའི་གཏམ་གླེང་གསན་རྗེས་ཝུའུ་དབྱིང་ཅེར་ཐུགས་འགུལ་ཆེན་པོ་ཐེབས་ཤིང་། ཁོང་གིས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཞིག་མང་ཚོགས་ཀྱི་འཐུས་མིར་གནང་བ་དང་ཆབས་ཅིག བརྩེ་བ་ཟབ་མོས་སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་གཞིས་ཡོད་པ་དང་། རྒྱལ་ཁབ་ཀྱི་མཐའ་མཚམས་བདེ་འཇགས་མ་བྱུང་ན་དུད་ཚང་ཁྲི་སྟོང་མང་པོར་བདེ་སྐྱིད་ཡོང་མི་སྲིད་ཅེས་ནན་བཤད་གནང་མྱོང་ཡོད། ངས་བྱི་ལི་ཕུག་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་ནས་ཆེད་མངགས་འདིར་ཡོང་བ་ཡིན། ཁྱེད་ཚོས་མེས་རྒྱལ་གྱི་མཐའ་མཚམས་བསྲུངས་ནས་མེས་རྒྱལ་གྱི་མངའ་ཁོངས་ཆ་ཚང་བ་ཡོང་བའི་འགན་ལེན་བྱས་ཡོད། མཐའ་མཚམས་སུ་གཞིས་ཚུགས་ཤིང་བློས་གཏོང་ཕོད་པ་དང་ལེགས་སྐྱེས་འབུལ་མཁན་ཁྱེད་ཚོར་ངས་གུས་འདུད་ཞུ་ཞེས་གསུངས་པ་རེད།

དེ་རྗེས། ཝུའུ་དབྱིང་ཅེ་ས་བབ་སྨི་5000ཡོད་པའི་ཕོ་རོག་ལ་དང་བདེ་མོ་ལུང་གི་ལས་སྒྲུབ་ས་ཚིགས་སུ་ཕེབས་ཏེ་ལས་སྒྲུབ་མི་སྣ་དང་། རིམས་འགོག་ལས་དོན་པ། སྐོར་གཡེང་བྱེད་བཞིན་པའི་དཔུང་སྡེའི་དཔོན་དམག་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་ཞིང་། ཁོང་གིས“ས་མཐོར་ལས་དོན་སྒྲུབ་སྐབས་དཀོན་ཤོས་ནི་གསོ་རླུང་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་རེད”ཅེས་དང“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས”ཞེས་པ་ནི་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོའི་ལས་དོན་ལ་གདེང་འཇོག་གནང་བ་ཞིག་ཡིན་པ་མ་ཟད། ང་ཚོར་བཅངས་པའི་རེ་བ་དེ་བས་ཀྱང་རེད་ཅེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་ལ་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་མཐའ་སྲུང་ལས་དོན་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་པ་དང་ས་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་སོགས་གཙོ་བོར་བཟུང་ནས་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་ཀྱིས་བོད་ཀྱི་མཐའ་མཚམས་ཀྱི་མི་སེར་ལ་བཟོས་པའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་ཏན་ཏིག་དང་བེད་སྤྱོད་ཡག་པོ་བྱེད་དགོས་པ་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདེད་འབད་འབུངས་དམིགས་ཚད་དུ་བརྩི་བ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཀྱི་ཟུང་འབྲེལ་དམ་ཟབ་བྱེད་པ། ཆུ་དང་། གློག ལམ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་སྐྲུན་སྟངས་ལེགས་སུ་གཏོང་བ། གཞི་རིམ་གྱི་སྤྱི་པའི་ཞབས་འདེགས་འཇོན་ཐང་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་མཐའ་མཚམས་ཀྱི་འཐབ་ས་དང་པོའི་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱེད་དགོས་པ། ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར་དང་དཀའ་སྤྱད་འབད་འཐབ། རང་སྟོབས་རང་སྤེལ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་དང་། མཐའ་མཚམས་ཀྱི་མི་སེར་ལ“སྒྱིད་ལུག་མཁན་མི་བྱེད་པའི”བསམ་བློ་བརྟན་པོར་འཛུགས་རྒྱུའི་ཁྲིད་སྟོན། མ་དངུལ་དང་སེམས་ནུས་དེ་བས་མང་བ་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་སུ་གཏོང་བའི་ཐད་སྤྱོད་པ་བཅས་བྱས་ཏེ་མཐའ་མཚམས་ས་ཁུལ་མི་རིགས་ཁག་གི་མང་ཚོགས་ཀྱི་མཐུན་སྒྲིལ་ཡར་ཐོན་དང་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སུ་སྐྲུན་དགོས་པ། དམག་ཉེན་དམངས་གསུམ་གྱིས་གཞོགས་འདེགས་དམ་ཟབ་བྱས་ཏེ་མཐའ་མཚམས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་དམ་འཛིན་དང་སེམས་ལ་བཞག་ནས་ལས་དོན་ཁག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།