འདི་ནི་རྫམ་ཆུ་གློག་ས་ཚིགས་བཟོ་ཁུལ་གྱི་ཟུར་ཞིག་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས14ཉིན་བོད་ལྗོངས་ཀྱི་ཆུ་གློག་ས་ཚིགས་ཆེ་གྲས་ཏེ་རྫམ་ཆུ་གློག་ས་ཚིགས་བདེ་འཇགས་ངང་འཁོར་སྐྱོད་བྱས་ནས་ཉིན1976འགོར་བ་དང་བསྡོམས་རྩིས་བྱས་ན་གློག་གཏོང་ཚད་ཏུའུ་དུང་ཕྱུར100ལས་བརྒལ་ཡོད་པ་རེད། མིག་སྔར་རྫམ་ཆུ་གློག་ས་ཚིགས་ཀྱི་གློག་འདོན་འཕྲུལ་ཆས་ནས་གློག་འདོན་ཚད་བོད་ལྗོངས་གློག་དྲའི་གློག་འདོན་འཕྲུལ་ཆས་ནས་གློག་འདོན་ཚད་ཀྱི14.9%བཟུང་ཡོད་པ་དང་བོད་ལྗོངས་གློག་དྲའི་ཆུ་གློག་འཕྲུལ་ཆས་ནས་གློག་འདོན་ཚད་ཀྱིས29.8%བཟུང་ཡོད། རྐང་འཛིན་གློག་ཁུངས་ཡིན་པའི་ངོས་ནས་རྫམ་ཆུ་གློག་ས་ཚིགས་ཀྱིས་བོད་ལྗོངས་གློག་དྲའི་བདེ་འཇགས་བརྟན་བརླིང་གི་ཆུ་ཚད་དང་གློག་ཤུགས་འགན་ལེན་ནུས་པ་མངོན་གསལ་དོད་པོས་མཐོ་རུ་བཏང་ནས་བོད་ལྗོངས་གློག་དྲའི་གློག་ཤུགས་མཁོ་སྤྲོད་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
འདི་ནི་རྫམ་ཆུ་གློག་ས་ཚིགས་ཀྱི་ཟུར་ཞིག་རེད།
རྫམ་ཆུ་གློག་ས་ཚིགས་ནི་རང་རྒྱལ་གྱིས་ཡར་ཀླུང་གཙང་པོའི་གཞུང་ཆུ་ཐོག་བསྐྲུན་པའི་ཆུ་གློག་ས་ཚིགས་ཆེ་གྲས་ཐོག་མ་དེ་ཡིན་ཞིང་། གློག་འདོན་འཕྲུལ་ཆས་ཚོགས་པ་དྲུག་གི་གློག་འདོན་ཚད་ཆན་ཝ་ཁྲི51ཟིན་པ་དང་འཛུགས་སྐྲུན་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར96བཏང་ནས་ལོ8རིང་སྐྲུན་པ་ཡིན་ལ། 2014ལོའི་ཟླ11པར་ཐེངས་དང་པོའི་འཕྲུལ་ཆས་ཚོགས་པའི་ཆུ་གློག་གཏོང་འགོ་ཚུགས་པ་རེད། རྫམ་ཆུ་གློག་ས་ཚིགས་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3300ཡན་ཟིན་པའི་ཡར་ཀླུང་གཙང་པོའི་དབུས་རྒྱུད་དང་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ཁོངས་སུ་གནས་པ་དང་ཀྲུང་གོ་ཧྭ་ནེང་ཚོགས་པ་ཀུང་སིས་མ་འཇོག་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་བྱས་པ་ཞིག་རེད།
འདི་ནི་རྫམ་ཆུ་གློག་ས་ཚིགས་ཀྱི་ནང་གི་བཀོད་པ་རེད།
རྫམ་ཆུ་གློག་ས་ཚིགས་ནི་བོད་ལྗོངས་ཀྱི་གློག་ཤུགས་ཆན་ཝ་ཁྲི10ནས་ཆན་ཝ་ཁྲི50བར་ཚད་བརྒལ་ཐུབ་པའི་མཚོན་རྟགས་རང་བཞིན་གྱི་ལས་གཞི་ཞིག་རེད། གློག་འདོན་ས་ཚིགས་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དེས་བོད་ལྗོངས་ཀྱི་མ་གནས་མཐོ་བའི་འབར་སྣུམ་འཕྲུལ་ཆས་ཀྱིས་གློག་གཏོང་བ་དང་དགུན་དཔྱིད་ཀྱི་དུས་ཚིགས་སུ་གློག་དཀོན་པའི་གནས་ཚུལ་ལྷོད་ཡངས་སུ་བཏང་བ་དང་། འབར་སྣུམ་འཕྲུལ་ཆས་ཀྱི་ཚབ་བྱས་ཏེ་གློག་གཏོང་བ་དེའི་ལོ་རེར་ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་སྒོར་དུང་ཕྱུར18ཙམ་གྲོན་ཆུང་ཐུབ་པ་མ་ཟད། ད་དུང་བོད་གློག་ཕྱིར་གཏོང་ལ་སྐུལ་འདེད་བཏང་ནས་རྗེས་མཐུད་སྐས་རིམ་གློག་འདོན་ས་ཚིགས་གསར་འབྱེད་དང་བོད་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
འདི་ནི་རྫམ་ཆུ་གློག་ས་ཚིགས་བཟོ་ཁུལ་གྱི་མཚན་ལྗོངས་རེད།
གློག་འདོན་ས་ཚིགས་དེས་སྐྱེ་ཁམས་གཙོ་བོ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར3.2བཏང་ནས་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་ཨེ་ཤེ་ཡའི་ཧེ་བག་ཆེ་ཤོས་ཀྱི་ཉ་ལམ་བསྐྲུན་པ་དང་། མ་དངུལ་སྒོར་ཁྲི4800བཏང་ནས་བོད་ལྗོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཉ་རིགས་གསོ་སྤེལ་འབུད་གཏོང་ས་ཚིགས་དང་པོ་བསྐྲུན་པ་དང་ལོ་རེར་སྒོར་ཁྲི600ལྷག་ཙམ་བཏང་ནས་ས་གནས་དེ་གའི་ཡུལ་སྐྱེས་ཉ་ཕྲུག་འདེབས་གསོ་དང་། སྐྱེ་འཕེལ། སྲུང་སྐྱོང་བཅས་ལ་སྤྱད་པ་དང་། བསྟུད་མར་ལོ5རིང་རྒྱུན་གཏན་ཅན་གྱི་འབུད་གཏོང་མངོན་འགྱུར་བྱུང་བ་དང་བསྡོམས་རྩིས་བྱས་ན་ཡུལ་སྐྱེས་ཉ་ཕྲུག་ཁྲི50.2ལྷག་ཙམ་འབུད་གཏོང་བྱས་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་ཀྱི་ཆུ་གློག་ས་ཚིགས་ཆེ་གྲས་ཀྱི་གློག་གཏོང་ཚད་ཏུའུ་དུང་ཕྱུར100ལས་བརྒལ་བ།