བོད་ལྗོངས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་མཐོ་སློབ་མཐར་ཕྱིན་སློབ་མ་བརྟན་རླིང་ངང་ལས་ཞུགས་བྱེད་པར་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་དང་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་བྱ་བར་རོགས་སྐྱོར་བྱ་ཆེད། བོད་ལྗོངས་ཀྱིས་ཕན་འབྲས་མཐོ་ལ་སྟབས་བདེ་ཡིན་པའི་མཐོ་སློབ་མཐར་ཕྱིན་སློབ་མར་དྲ་ཐོག་གི་གདན་ཞུ་ལས་འཚོལ་འབྲེལ་མཐུད་སྟེགས་བུ་སྐྲུན་པར་ཧུར་ཐག་གིས་ཚོད་ལྟ་བྱེད་བཞིན་ཡོད།

མིག་སྔར་བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མཐོ་སློབ་མཐར་ཕྱིན་སློབ་མའི་ཆེད་དོན་གདན་ཞུ་ཚོགས་འདུ་ཐེངས་གཉིས་ལ་སྤེལ་བ་དང་། བསྡོམས་པས་ཁེ་ལས470ཡིས་ལས་གནས5925འདོན་སྤྲོད་བྱས་ཡོད། དེའི་ཁྲོད་གདན་ཞུ་ཐེངས་དང་པོའི་སྐབས་སུ་ཁེ་ལས179ཡིས་ལས་གནས2875འདོན་སྤྲོད་བྱས་པ་དང་། གདན་ཞུ་ཐེངས་གཉིས་པའི་སྐབས་སུ་ཁེ་ལས291ཡིས་ལས་གནས3050འདོན་སྤྲོད་བྱས་ཡོད།

དྲ་ཐོག་གི་ལས་ཞུགས་ཞབས་ཞུ་ལས་གཞན་བོད་ལྗོངས་ཀྱིས་ད་དུང་སྔར་ལས་ལྷག་པར་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་སྲིད་ཇུས་མང་པོ་གཏན་འབེབས་བྱས་ཡོད་ཅིང་། དེའི་ཁྲོད་ལས་ཞུགས་ཁ་གསབ་དང་། ཟླ་ཕོགས་ཁ་གསབ། ལས་སྐྲུན་སྲིད་ཇུས། དངུལ་རྩའི་ཡིད་རྟོན་དངུལ་བུན་སྲིད་ཇུས་སོགས་ཕྱོགས7གྱི་བྱེད་ཐབས11འདུས་ཡོད།

མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་ཆེད། བོད་ལྗོངས་ཀྱིས་ད་དུང་མཐར་ཕྱིན་སློབ་མའི་ལས་གནས་གསར་སྤེལ་འཚོལ་བསྡུ་བྱེད་ཤུགས་ཇེ་ཆེར་བཏང་ནས། 2019ལོར་ཁྱབ་བསྒྲགས་བྱས་པའི་ལས་གནས51627ཡི་རྨང་གཞིའི་སྟེང་། སྲིད་གཞུང་གིས་ཉོ་སྒྲུབ་བྱས་པའི་ཞབས་ཞུའི་ལས་གནས་དང་། གནས་ངེས་སློབ་མ། “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་སོགས་ཁ་བསྣན་རྗེས། 2019ལོའི་སྤྱིའི་གྲངས་ཚད་ལས་བརྒལ་ཡོད་པ་རེད།

བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་མཐོ་སློབ་ལྟེ་གནས་ཀྱི་ཀྲུའུ་རིན་ལིས་ཡན་ཐུང་གིས་བཤད་རྒྱུར། མིག་སྔར་བོད་ལྗོངས་སུ་ལས་བྱེད་པ་ཁྲི1.7ལྷག་གིས་མཐོ་སློབ་མཐར་ཕྱིན་སློབ་མའི་བར་དང་རོགས་སྐྱོར་རྒྱབ་སྐྱོར་འབྲེལ་བ་བཙུགས་ཡོད་ཅིང་། རོགས་སྐྱོར་ལས་བྱེད་པས་མཐར་ཕྱིན་སློབ་མ་འབྲེལ་གཏུགས་བྱས་ཏེ་བསམ་བློ་སྐུལ་སློང་དང་། སྲིད་ཇུས་དྲིལ་བསྒྲགས། ལས་གནས་སྐུལ་སྤེལ། ལས་ཞུགས་གསོ་སྦྱོང་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།