བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྡེབ་སྒྲིག་ལེགས་བཅོས་བྱ་བར་གཅིག་གྱུར་སྐུལ་འདེད་བཏང་།

1587001997777951.jpg

འདི་ནི་ལྷ་སའི་ཕོ་བྲང་པོ་ཏ་ལ་འདབས་ཀྱི་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ4བའི་ཚེས15ཉིན་ལྷ་ས་རུ་བསྡུས་པའི་གྲོས་ཚོགས་ཞིག་གི་སྟེང་ནས་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ལྗོངས་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྡེབ་སྒྲིག་ལེགས་བཅོས་དང་སྐྱེ་ཁམས་སྲུང་སྐྱོང་དཔྱད་དཔག་ལེགས་སྒྲིག་བྱ་བར་གཅིག་གྱུར་སྐུལ་འདེད་གཏོང་རྒྱུ་རེད།

བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་དབྱང་རུའེ་ཡིས་ཉིན་དེར་བཤད་རྒྱུར། རང་བྱུང་སྲུང་སྐྱོང་ཁུལ་བསྡུ་སྒྲིག་དང་ལེགས་བཅོས་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་གཏན་འཁེལ་བྱ་རྒྱུ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཡིན། “རང་བྱུང་སྲུང་སྐྱོང་ཁུལ་ནི་སྐྱེ་ཁམས་དམར་ཐིག་གི་གྲུབ་ཆ་གཙོ་བོ་ཡིན་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྡེབ་སྒྲིག་དང་ལེགས་བཅོས་བྱ་རྒྱུ་ནི་སྔོན་ཁྲིད་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན་པས་ངེས་པར་དུ་ཚད་མཐོ་པོའི་སྒོ་ནས་མཐོང་ཆེན་བྱེད་དགོས་ཟེར།

དབྱང་རུའེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ་འགོ་ཁྲིད་ཚན་ཆུང་ལ་ལེགས་སྒྲིག་བྱ་རྩིས་ཡོད་དེ། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྡེབ་སྒྲིག་ལེགས་བཅོས་བྱ་བའི་ཆེད་དོན་འཛིན་གྲྭ་བཙུགས་ཏེ། ལྗོངས་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་སྡེབ་སྒྲིག་ལེགས་བཅོས་བྱ་བ་གཅིག་གྱུར་དང་སྲིད་ཇུས་གཏན་འབེབས་བྱེད་པའི་འགན་འཁུར་རྒྱུ་དང་། ས་གནས་དང་གྲོང་ཁྱེར་སོ་སོས་རང་གི་དོན་དངོས་དང་བསྟུན་པའི་སྒོ་ནས་འབྲེལ་ཡོད་བྱ་བའི་སྡེ་ཁག་བཙུགས་ནས་བྱ་བ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

བོད་ལྗོངས་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཙུང་ཀ་ཡིས་བཤད་རྒྱུར། བོད་ལྗོངས་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་དེ2020ལོའི་ལྗོངས་ཡོངས་ཀྱི་ནགས་རྩྭ་ལས་དོན་གཙོ་བོའི་ལས་འགན་དུ་གཏན་ཁེལ་བྱས་ཏེ། 《བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་སྡེབ་སྒྲིག་ལེགས་བཅོས་བྱ་བའི་ཇུས་གཞི》བཟོ་འགོད་བྱས་པ་དེར་ཆོག་མཆན་ཐོབ་ནས་དངོས་སུ་ལག་བསྟར་བྱེད་འགོ་བརྩམས་པ་དང་། བོད་ལྗོངས་རང་བྱུང་ཐོན་ཁུངས་ཐིན་དང་མཉམ་འབྲེལ་བྱས་ཏེརང་བྱུང་སྲུང་སྐྱོང་ཁུལ་སྡེབ་སྒྲིག་ལེགས་བཅོས་དང་རང་བྱུང་སྲུང་སྐྱོང་ཁུལ་ལེགས་སྒྲིག་བྱ་བའི་སྐོར་གྱི་བརྡ་སྦྱོར》འགྲེམ་གཏོང་བྱེད་བཞིན་པའི་སྒང་ཡིན།

ཙུང་ཀ་ཡིས་བཤད་རྒྱུར། མིག་སྔར་བོད་ལྗོངས་སུ་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས102ཡོད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་རྒྱལ་ཡོངས་སུ་ཨང་དང་པོར་སླེབས་ནས། ཆེད་ལས་བརྟག་དཔྱད་དཔུང་ཁག་བཙུགས་ཡོད་པ་མ་ཟད། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་དབུས་ལྷོ་བརྟག་དཔྱད་འཆར་འགོད་ཇུས་འགོད་ཁང་དང་། ཁུན་མིང་རྩད་ཞིབ་ཇུས་འགོད་ཁང་། བོད་རང་སྐྱོང་ལྗོངས་ནགས་ལས་བརྟག་དཔྱད་འཆར་འགོད་ཞིབ་འཇུག་ཁང་བཅས་ལ་དངོས་སུ་མངགས་བཅོལ་བྱས་ཏེ། ལག་རྩལ་འདེགས་སྐྱོར་སྡེ་ཚན་པ་ཡིན་པའི་ཆ་ནས་རང་བྱུང་སྲུང་སྐྱོང་ཁུལ་སྡེབ་སྒྲིག་དང་ལེགས་བཅོས་སྐོར་གྱི་འབྲེལ་ཡོད་ལས་དོན་སྒྲུབ་བཞིན་ཡོད་དེ། ཟླ4བའི་ཚེས16ཉིན་ནས་བཟུང་བོད་ལྗོངས་ཀྱི་ས་གནས་སོ་སོ་རུ་བསྐྱོད་དེ་ཡུལ་དངོས་སུ་བརྟག་དཔྱད་ལས་དོན་སྤེལ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།