ཉིང་ཁྲི་གྲོང་ཁྱེར་གྱིས་ཁྱིམ་ཚང་མགྲོན་ཁང་གི་ལས་གཉེར་མི་སྣའི་ལག་རྩལ་གསོ་སྦྱོང་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཉིང་ཁྲི་གྲོང་ཁྱེར་གྱི2020ལོའི་ཁྱིམ་ཚང་མགྲོན་ཁང་གི་ལས་གཉེར་མི་སྣའི་ལག་རྩལ་གསོ་སྦྱོང་འཛིན་གྲྭ་ཐེངས་དང་པོའི་གསོ་སྦྱོང་དངོས་སུ་སྤེལ་འགོ་བརྩམས།

ཉེ་བའི་ལོ་འགའི་རིང་ལ། ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་གནས་སྐོར་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་སྟེ། གནས་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཏེ་གནས་སྐོར་དུ་ཕེབས་པ་དང་། ཁྱིམ་ཚང་མགྲོན་ཁང་གི་ལས་རིགས་འཕེལ་རྒྱས་བྱུང་བར་སྣེ་ཁྲིད་གང་ལེགས་བྱས། མིག་སྔའི་བར་དུ། ཉིང་ཁྲི་གྲོང་ཁྱེར་དུ་བསྡོམས་པས་ཁྱིང་ཚང་མགྲོན་ཁང630ཡོད་ཅིང་། 2019ལོར་ཁོ་ནར་གྲོང་ཁྱེར་ཡོངས་སུ་བསྡོམས་པས་མི6800ཁྱིམ་ཚང་མགྲོན་ཁང་གི་གནས་སྐོར་ཞབས་ཞུ་ཁྲོད་ཞུགས་ཡོད་ལ། མི་རེར་ཆ་སྙོམས་སུ་ཡོང་སྒོ་སྒོར་ཁྲི1.13འཕར་སྣོན་བྱུང་ཡོད་པས། མང་ཚོགས་མང་པོ་ཞིག་གིས་གནས་སྐོར་ལས་རིགས་ལ་བརྟེན་ནས་དངོས་ཕན་ཐོབ་ཡོད།

 ཐེངས་འདིའི་གསོ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་སྔར་ལས་ལྷག་པའི་སྒོ་ནས་ཞིང་དུད་སྤྲོ་སྐྱིད་ཁང་དང་། ཞིང་ཁྱིམ་སྡོད་ཁང་། སྤྲོ་གསེང་སྐྱེ་ཁམས་ཞིང་ར་སོགས་གནས་སྐོར་ཞབས་ཞུའི་སྤུས་ཚད་ཇེ་མཐོར་བཏང་སྟེ། གྲོང་ཚོའི་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ལ་རོགས་སྐྱོར་དང་། ཉིང་ཁྲིའི་ཁྱད་ལྡན་གྲོང་ཚོའི་གནས་སྐོར་ཐོན་རྫས་གྲགས་ཅན་གྱི་དྲིལ་བསྒྲགས་བྱ་བར་ཤུགས་བསྣན་ཏེ། ཉིང་ཁྲིའི་སྐྱེ་ཁམས་གནས་སྐོར་འདེགས་སྐྱོར་ཐོན་ལས་རྒྱུན་མཐུད་ངང་གོང་འཕེལ་བྱུང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

ཉིང་ཁྲི་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། རྗེས་ཕྱོགས་ཉིང་ཁྲི་གྲོང་ཁྱེར་གྱིས་ཉིང་ཁྲིའི་སྐྱེ་ཁམས་གནས་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་དམིགས་ཏེ། གྲོང་ཚོའི་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ལ་ཤུགས་སྣོན་དང་། གནས་སྐོར་སྣེ་ཤན་པ་དང་། འགྲེལ་བཤད་པ། ཁྱིམ་ཚང་མགྲོན་ཁང་སོགས་གནས་སྐོར་ཞབས་ཞུའི་ལག་རྩལ་གསོ་སྦྱོང་ཕྱོགས་ཡོངས་ནས་སྤེལ་ཏེ། ལག་རྩལ་གསོ་སྦྱོང་དེ་ཁྱིམ་ཚང་མགྲོན་ཁང་དང་། ཞིང་ཁྱིམ་སྡོད་ཁང་། ཞིང་དུད་སྤྲོ་སྐྱིད་ཁང་། སྤྲོ་གསེང་སྐྱེ་ཁམས་ཞིང་ར་བཅས་ལ་ཡོངས་སུ་ཁྱབ་པར་བརྩོན་ལེན་བྱས་ནས། གྲོང་ཚོའི་གནས་སྐོར་གཉེར་སྐྱོང་བྱེད་མཁན་ལ་ཉུང་མཐར་ཡང་ལས་གཉེར་མི་སྣ་གཅིག་ལ་རིག་གནས་ལྡན་པ་དང་། ལག་རྩལ་ཤེས་བ། གཉེར་སྐྱོང་བྱེད་མཁས་པ། དོ་དམ་བྱེད་ཕོད་པ་བཅས་ཡིན་པར་ཁག་ཐེག་བྱས་ཏེ། ཉིང་ཁྲིའི་གྲོང་ཚོའི་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་རྩལ་ཤེས་ལྡན་མི་སྣ་སྐོར་ཞིག་གསོ་སྐྱོང་བྱེད་པར་ཤུགས་སྣོན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།