ལྷུན་གྲུབ་རྫོང་གིས་ལྷ་སའི་མེ་ཏོག་རྟེན་གཞི་ཆེ་ཤོས་སྐྲུན་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་སྡེ་དར་རྒྱས་འཛུགས་སྐྲུན་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་སྟེ། ཐོན་ལས་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དང་ཕྱུག་སྒྱུར་བྱུང་བར་སྐུལ་འདེད་གཏོང་ཆེད། ཉེ་བའི་ལོ་འགའི་རིང་ལ་ལྷུན་གྲུབ་རྫོང་གིས་སྟེགས་བུ་སྣ་ཚོགས་ལ་བརྟེན་ནས་རང་ཉིད་ཀྱི་ཁྱད་ལྡན་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་དེ་ཕུལ་བྱུང་ཐོན་ལས་རྣམ་གྲངས་ཤང་གྲོང་སོ་སོ་རུ་གྲུབ་འབྲས་ལེགས་པོ་བླངས། ད་ལོ་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་གིས་ཉི་འོད་དྲོད་ཁང་དཔེ་སྟོན་གླིང་ཁུལ་གྱི་རིག་ནུས་དྲོད་ཁང་དང་དྲོད་ཁང་གཞན་དག་སྤྱད་དེ་མེ་ཏོག་འདེབས་འཛུགས་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་མེ་ཏོག་འདེབས་འཛུགས་རྟེན་གཞི་ཆེ་ཤོས་སྐྲུན་བཞིན་ཡོད། 

དཔལ་འབྱོར་གླིང་ཤང་གི་འགོ་གཙོ་ལུའོ་ཅུན་གྱིས་བཤད་རྒྱུར། གླིང་ཁུལ་གྱི་ས་ཁྱོན་མུའུ1126ཟིན་པ་དང་བསྡོམས་པས་དྲོད་ཁང་ཆེན་མོ285ཡོད། མེ་ཏོག་ཚང་མ་སྤྱི་གནོད་མེད་པའི་ཐོན་སྐྱེད་ཀྱི་ཚད་གཞི་ལྟར་འདེབས་འཛུགས་བྱེད་བཞིན་ཡོད། གླིང་ཁུལ་གྱིས“སྲིད་གཞུང+ཁེ་ལས+ཞིང་ཁྱིམ”བཅས་ཀྱི་དོ་དམ་གཉེར་སྐྱོང་བྱེད་སྟངས་ལག་བསྟར་བྱས་ནས། ད་ལྟའི་ལས་མི་50ཡོད་པ་མང་ཆེ་བ་ནི་ས་གནས་དེའི་གྲོང་མི་ཡིན་པ་དང་། གླིང་ཁུལ་གྱི་ཐོན་རྫས་རྫོང་ཁོངས་སུ་མཁོ་སྤྲོད་འགན་སྲུང་བྱེད་པ་དང་ཆབས་ཅིག ལྷ་ས་དང་། གཞིས་ཀ་རྩེ། ལྷོ་ཁ་སོགས་སུ་ཕྱིར་ཚོང་བྱ་རྒྱུ་ཡིན་ཟེར། 

ན་ནིང་ནས་བཟུང་། གླིང་ཁུལ་གྱི་རིག་ལྡན་དྲོད་ཁང་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ས་གནས་དེའི་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་ཡོད། སྡོད་དམངས་དང་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་གི་སྤུས་ཚད་སྔར་ལས་མཐོར་འདེགས་བྱུང་སྟེ་རང་ཁྱིམ་གྱི་སྒོ་ཁ་ནས་ལས་ཞུགས་མངོན་འགྱུར་བྱས་ཤིང་། དཔལ་འབྱོར་ཡོང་སྒོ་བརྟན་རླིང་ངང་ཇེ་མཐོར་སོང་ཡོད། གོམ་སྟབས་རྗེས་མར་ལྷུན་གྲུབ་རྫོང་གིས་རིག་ནུས་དྲོད་ཁང་ལ་བརྟེན་ནས་གླིང་ཁུལ་གྱི་འདེབས་འཛུགས་རྒྱ་ཁྱོན་མུ་མཐུད་ཇེ་ཆེར་བཏང་སྟེ་ལྷ་ས་གྲོང་ཁྱེར་གྱི་མེ་ཏོག་འདེབས་འཛུགས་རྟེན་གཞི་ཆེ་ཤོས་སུ་སྐྲུན་ནས། གླིང་ཁུལ་དུ་སྤྱོད་ཆོག་པའི་ཐོན་ཁུངས་སྔོག་འདོན་ཧུར་ཐག་བྱས་ཏེ་སློབ་ཁྲིད་དང་། གནས་སྐོར། བཟའ་བཏུང་སོགས་ཀྱི་རྣམ་གྲངས་གླིང་ཁུལ་འཕེལ་རྒྱས་དང་ཟུང་འབྲེལ་ཟབ་མོ་བྱས་ཏེ། གླིང་ཁུལ་གྱི་སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཇེ་མཐོར་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།