བོད་ལྗོངས་ཀྱིས་བྱ་ཐབས་ཁག7བཏོན་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལས་ཞུགས་ཀྱི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱ་ཆེད། བོད་ལྗོངས་ཀྱིས《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་བྱ་ཐབས》བཀྲམ་སྟེ་བྱ་ཐབས་ནུས་ལྡན་ཁག་7ལ་བརྟེན་ནས་བོད་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་གཡས་གཞོགས་གཡོན་འདེགས་བྱེད་རྒྱུ་ཡིན་པ་རེད།

ལས་ཞུགས་གསོ་སྦྱོང་གི་ཁ་གསབ་དང་གླ་ཕོགས་ཀྱི་ཁ་གསབ་ཐད། ལྗོངས་ནང་ཁུལ་གྱི་ཁེ་ལས་སུ་ལས་ཞུགས་ཐུབ་པའི་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མར(ལོ་3ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པ)ལས་གནས་ཐོག་ལས་ཀ་བྱེད་མཁན་ཚན་པས་ཆེད་ལས་གསོ་སྦྱོང་བྱེད་རིགས་ལ་ལོ་གཅིག་ཚད་གཞིར་བཟུང་ནས་མི་རེར་ཟླ་རེར་སྒོར་2000གི་ཚད་གཞིའི་གསོ་སྦྱོང་གྲོན་དངུལ་དེ་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་འགན་འཁུར་རྒྱུ་དང་། དེ་ནི་གཙོ་གནད་ལས་རིགས་ཀྱི་ལས་ཞུགས་གསོ་སྦྱོང་ཁ་གསབ་དང་གླ་ཕོགས་ཁ་གསབ་རེད། ལྕགས་ལམ་དང་། དམངས་སྤྱོད་མཁའ་འགྲུལ། འགྲིམ་འགྲུལ། ཆུ་གློག་སོགས་གཙོ་གནད་ཁྱབ་ཁོངས་ཁེ་ལས་ཀྱིས་བོད་དུ་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱས་པ་མ་ཟད། བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་མིར(ལོ་3ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པ)བསྡུས་པ་དང་། བསྡུ་ལེན་ཚན་པས་ཆེད་ལས་གསོ་སྦྱོང་བྱེད་རིགས་ལ་ལོ་1ཚད་གཞིར་བཟུང་སྟེ་གསོ་སྦྱོང་བྱེད་རིང་གི་གླ་ཆ་དེ་རང་ལྗོངས་ཀྱི་གླ་ཆ་དམའ་ཤོས་ཀྱི་ཚད་གཞིའི་ལྡབ་2ལྟར་རྩིས་རྒྱག་རྒྱུ་དང་། གསོ་སྦྱོང་གྲོན་དངུལ་མི་རེར་ཟླ་རེར་སྒོར་2000ཡིན་པ་དེ་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་འགན་འཁུར་རྒྱུ། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་པ་བྱེད་དགོས་པ་དང་། བསྡུ་ལེན་ཚན་པས་གསར་དུ་ལས་ཞུགས་ཐུབ་པའི་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་ཆེད་ལས་གསོ་སྦྱོང་བྱེད་རིགས་ལ་ལོ་1ཚད་གཞིར་བཟུང་ནས་གསོ་སྦྱོང་བྱེད་རིང་གི་གླ་ཆ་དེ་རང་ལྗོངས་ཀྱི་གླ་ཆ་དམའ་ཤོས་ཀྱི་ཚད་གཞིའི་ལྡབ་2ལྟར་རྩིས་རྒྱག་རྒྱུ་དང་། གསོ་སྦྱོང་གྲོན་དངུལ་མི་རེར་ཟླ་རེར་སྒོར་2000གི་ཚད་གཞི་དེ་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་འགན་འཁུར་རྒྱུ་རེད།

ཁེ་ལས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་པར་བྱེད་པའི་སྲིད་ཇུས་ཐད། ཁེ་ལས་ཀྱིས་ལོ་རེར་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་20ཡན(ལོ་3ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པ)ལས་ཞུགས་ཐུབ་པ་བྱེད་རིགས་ལ་ཁེ་ལས་ཀྱི་ཐོབ་ཁྲལ་རྩ་ཆག་བཏང་བའི་ས་གནས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་གཅིག་མཉམ་སྤྱོད་བྱེད་པའི་རྨང་གཞིའི་ཐོག་ཁེ་ལས་ལ་དངོས་སུ་འཇལ་བའི་ཐོབ་ཁྲལ་གྱི་30%ཡི་བྱ་དགའ་སྤྲོད་རྒྱུ་རེད།     ལོ་རེར་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་20ཡན(ལོ་3ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པ)བསྡུ་མཁན་བོད་དུ་ཡོད་པའི་ཁེ་ལས་དང་། དེ་བཞིན་བོད་དུ་ལོ་རེའི་ཐོན་སྐྱེད་གཉེར་སྐྱོང་རང་བཞིན་གྱི་གཏན་འཇགས་རྒྱུ་ནོར་མ་རྩ་སྒོར་ཁྲི་1000ཡན་ནམ་ཡང་ན་ཐོན་སྐྱེད་གཉེར་སྐྱོང་རང་བཞིན་མིན་པའི་གཏན་འཇགས་རྒྱུ་ནོར་མ་རྩ་སྒོར་ཁྲི་5000ཡན་ཟིན་པ་གང་ཞིག་མཐོ་སློབ་སློབ་ཐོན་སློབ་མ་5ཡན་(ལོ་3ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པ)བསྡུ་མཁན་ཁེ་ལས་གཞན་དག་གིས་ཁེ་ལས་ཀྱི་ལོ་རེའི་གླ་ཆའི་ཡོང་འབབ་སྒོར་ཁྲི་45(ཚུད)ཡན་ཟིན་པའི་མཐོ་རིམ་ཤེས་ལྡན་མི་སྣར་དེའི་གླ་ཕོགས་ཀྱི་ལས་མི་11%དམའ་བ་དང་45%ལས་མི་བརྒལ་བའི་ཚད་གཞི་ལྟར་བྱ་དགའ་སྤྲོད་རྒྱུ། ཁེ་ལས་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དང་དེ་བཞིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞིར་ལས་ཤོར་ཐོ་འགོད་བྱས་ནས་ལོ་ཕྱེད་ཡན་ཕྱིན་པ་མ་ཟད། 《ལས་ཞུགས་ལས་གཏོད་ཀྱི་ལག་ཁྱེར》རམ་ཡང་ན《ལས་ཞུགས་ལས་ཤོར་ཐོ་འགོད་ལག་ཁྱེར》(“ཁེ་ལས་ཀྱི་ཁྲལ་བསྡུའི་སྲིད་ཇུས”ཞེས་གསལ་པོ་བཀོད་པ)ཡོད་པའི་མི་སྣས་དེ་དང་ལོ་གཅིག་ཡན་གྱི་དུས་བཀག་ངལ་རྩོལ་གན་རྒྱ་བཞག་པ་དང་འབྲེལ་ཁྲིམས་ལྟར་སྤྱི་ཚོགས་ཀྱི་འགན་བཅོལ་གྲོན་དངུལ་འཇལ་རིགས་ལ། ངལ་རྩོལ་གན་རྒྱ་བཞག་པ་དང་འབྲེལ་སྤྱི་ཚོགས་འགན་བཅོལ་དངུལ་འཇལ་བའི་ཟླ་དེ་ནས་བཟུང་ལོ་3རིང་དངོས་སུ་བསྡུས་པའི་མི་གྲངས་ལྟར་མི་རེར་ལོ་རེར་སྒོར་7800ཡི་བཅད་གྲངས་རིམ་པ་བཞིན་གནས་ཐང་འཕར་ཁྲལ་དང་། གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་དཔྱ་ཁྲལ། སློབ་གསོའི་གྲོན་དངུལ་གྱི་ཟུར་སྣོན་དངུལ། ས་གནས་སློབ་གསོའི་ཟུར་སྣོན་གྲོན་དངུལ། ཁེ་ལས་ཀྱི་ཐོབ་ཁྲལ་བཅས་ལ་གཟིགས་སྐྱོང་བྱ་རྒྱུ་རེད།

མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་སྲིད་ཇུས་ཐད། གལ་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ཁེ་ལས་འབྲིང་ཆུང་དང་ཁེ་ལས་ཕྲན་ཚེགས་ཡིན་ཚེ། 《སྲིད་གཞུང་གི་ཉོ་སྒྲུབ་ཀྱིས་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནས་སྐབས་ལག་བསྟར་བྱ་ཐབས》ཀྱི་དོན་ཚན་བཞི་པ་གཞིར་བཟུང་། “ལས་ཁུངས་རང་ངོས་ཀྱི་འཁོར་རྒྱུག་དང་སྤྱི་པའི་ཞབས་ཞུའི་གཞི་རྩའི་དགོས་མཁོ་སྐོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་སྡེ་ཚན་དེ་གའི་ལོ་འཁོར་གྱི་སྲིད་གཞུང་གི་ཉོ་སྒྲུབ་རྣམ་གྲངས་ཀྱི་སྔོན་རྩིས་དངུལ་གྲངས་བསྡོམས་འབོར་གྱི་30%ཡན་སྔོན་ནས་རང་སོར་བཞག་སྟེ། ཆེད་མངགས་ཁེ་ལས་འབྲིང་ཆུང་ལ་ཕྱོགས་ནས་ཉོ་སྒྲུབ་བྱེད་དགོས་པ་དང་། དེའི་ནང་ཁེ་ལས་ཆུང་གྲས་དང་ཁེ་ལས་ཕྲན་ཚེགས་ལ་བཞག་པའི་བསྡུར་གྲངས་60%ལས་མི་དམའ་བ་བྱེད་དགོས”པ་དང་། དེ་བཞིན་དོན་ཚན་ལྔ་པ་གཞིར་བཟུང་། “ཁེ་ལས་ཆུང་གྲས་དང་ཁེ་ལས་ཕྲན་ཚེགས་ཀྱི་ཐོན་རྫས་ཀྱི་རིན་གོང་6%ནས་10%བར་འཐེན་འཕྲི་བྱེད་དགོས་པ་དང་། འཐེན་འཕྲི་བྱས་རྗེས་ཀྱི་རིན་གོང་སྤྱད་པའི་ཞིབ་དཔྱད་ལ་ཞུགས་པའི”གཏན་འབེབས་ལྟར་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། 《གཙོ་གནད་ཚོགས་སྤྱིའི་ལས་གཏོད་ལས་ཞུགས་ཀྱི་འབྲེལ་ཡོད་ཁྲལ་བསྡུའི་སྲིད་ཇུས་ལ་སྔར་བས་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་སོགས་ཚན་པ་བཞིའི་བརྡ་ཐོ》(བོད་ནོར་ཁྲལ་[2019ལོའི]ཡིག་ཨང་13)གཞིར་བཟུང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་མཐོ་སློབ་སློབ་ཐོན་སློབ་མ་ཚུད་པ་དང་། 《ལས་ཞུགས་ལས་གཏོད་ལག་ཁྱེར》(“རང་བརྟེན་ལས་གཏོད་ཀྱི་ཁྲལ་བསྡུའི་སྲིད་ཇུས”སམ་ཡང་ན“སློབ་ཐོན་ལོ་འཁོར་ནང་གི་རང་བརྟེན་ལས་གཏོད་ཀྱི་ཁྲལ་བསྡུའི་སྲིད་ཇུས”ཞེས་གསལ་པོ་བཀོད་པའམ)ཡང་ན《ལས་ཞུགས་དང་ལས་ཤོར་ཐོ་འགོད་ལག་ཁྱེར》(“རང་བརྟེན་ལས་གཏོད་ཀྱི་ཁྲལ་བསྡུའི་སྲིད་ཇུས”ཞེས་གསལ་པོ་བཀོད་པ)འཁྱེར་མཁན་གྱིས་ཁེར་རྐྱང་ཚོང་དུད་ཀྱིས་གཉེར་སྐྱོང་བྱེད་རིགས་ཁེར་རྐྱང་ཚོང་དུད་ཀྱིས་ཐོ་འགོད་བྱས་པའི་ཟླ་དེ་ནས་བཟུང་། ལོ་3ནང་(ཟླ་36)དུད་ཚང་རེར་ལོ་རེར་སྒོར་14400ཡི་བཅད་གྲངས་གཞིར་བཟུང་། ཚོང་དུད་དེས་ལོ་དེ་རང་དུ་དངོས་སུ་འཇལ་དགོས་པའི་གནས་ཐང་འཕར་ཁྲལ་དང་། གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་གྱི་དཔྱ་ཁྲལ། སློབ་གསོའི་འགྲོ་གྲོན་གྱི་ཟུར་སྣོན་དངུལ། ས་གནས་ཀྱི་སློབ་གསོའི་ཟུར་སྣོན་དངུལ། སྒེར་གྱི་ཐོབ་ཁྲལ་བཅས་རིམ་བཞིན་འཐེན་འཕྲི་བྱེད་རྒྱུ་རེད། 《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བསམ་འཆར་འགའ་ཞིག》(བོད་ཏང་སྤེལ[2017ལོའི]ཡིག་ཨང་9པ)གི་རྨང་གཞིའི་ཐོག《མཐོ་སློབ་སློབ་ཐོན་སློབ་མ་ཕ་ཡུལ་དུ་ལོག་ནས་ལས་གཏོད་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་ལག་བསྟར་བསམ་འཆར(ཚོད་ལྟའི་ལག་བསྟར)》(བོད་སྲིད་དོན་སྤེལ[2018ལོའི]ཡིག་ཨང་76པ)གྱི་གཏན་འབེབས་ལ་གཞིགས་ནས། ལས་གཏོད་མཐོ་སློབ་སློབ་ཐོན་སློབ་མ་མི་རེར་སྒོར་ཁྲི་6དང་ཚོང་དུད་རེར་མཐོ་ཤོས་སྒོར་ཁྲི་30ཟིན་པའི་སྤྲོད་ཐེངས་གཅིག་གི་མ་དངུལ་གྱི་རྒྱབ་སྐྱོར་བྱ་རྒྱུ་དང་། དུས་མཚུངས་སློབ་གྲྭར་ཡོད་མུས་ཀྱི་སློབ་གྲྭ་ཆེ་མོ་བས་སློབ་སྦྱོང་ལ་ཤུགས་རྐྱེན་མི་ཐེབས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་ཞོར་གྱི་དུས་ཚོད་སྤྱད་དེ་ལས་རིགས་རྩལ་ནུས་གསོ་སྦྱོང་དང་ལས་གཏོད་གསོ་སྦྱོང་ལ་ཞུགས་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས་པ་དང་འབྲེལ། གཏན་འབེབས་ལྟར་རྩལ་ནུས་གསོ་སྦྱོང་གི་ཁ་གསབ་རོགས་དངུལ་དང་ལས་གཏོད་གསོ་སྦྱོང་གི་ཁ་གསབ་རོགས་དངུལ་ལོངས་སུ་སྤྱོད་རྒྱུ་ཡོད།

ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཐད། མཐོ་སློབ་སློབ་ཐོན་སློབ་མས་མ་དངུལ་མ་རྐང་ལ་ཞུགས་པ་དང་ལག་རྩལ་མ་རྐང་ལ་ཞུགས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སོགས་དཔལ་འབྱོར་རྩ་འཛུགས་ལ་ཞུགས་ནས་ཕ་ཡུལ་དུ་ལོག་ཏེ་ལས་ཞུགས་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ་དང་སྦྲགས། འབྲེལ་ཡོད་ལས་གཏོད་ཀྱི་གཟིགས་སྐྱོང་རོགས་སྐྱོར་སྲིད་ཇུས་གཞིར་བཟུང་མ་རྐང་ལ་ཞུགས་ཆོག མ་དངུལ་མ་རྐང་ལ་ཞུགས་པར་དཀའ་ངལ་ཡོད་རིགས་ལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལས་གཏོད་མ་དངུལ་མ་རྐང་ལ་ཞུགས་པའི་རེ་བ་སྔོན་ལ་ཞུ་ཆོག

རྩལ་ནུས་གསོ་སྦྱོང་ཐད། མཐོ་སློབ་སློབ་ཐོན་སློབ་མ་ལས་གནས་དང་འཚམ་པའི་གསོ་སྦྱོང་ལ་ཞུགས་པར་རྒྱབ་སྐྱོར་བྱས་ཏེ“སྔོན་ལ་ལས་མི་བསྡུ་བ་དང་། རྗེས་སུ་གསོ་སྦྱོང་བྱེད་པ། དེ་ནས་ལས་ཞུགས་བྱེད་པ”བཅས་ཀྱི་བྱ་ཐབས་བརྒྱུད་མི་སྤྱོད་ཁེ་ལས་ཀྱིས་ལས་མི་བསྡུས་རྗེས་མི་སྤྱི་སྡེ་ཚན་ལ་གསོ་སྦྱོང་བྱེད་པར་རྩིས་སྤྲད་དེ་དཔྱད་ཞིབ་ཚད་ལོན་རྗེས་གཞི་ནས་ལས་གནས་སུ་དངོས་སུ་ཞུགས་དགོས་པ་དང་། ཆེད་ལས་རྩལ་ནུས་ཀྱི་བླང་བྱ་མཐོ་པོ་མེད་པའི་ལས་གནས་ལ་མི་སྤྱོད་ཁེ་ལས་ཀྱིས་ཐད་ཀར་ལས་མི་བསྡུས་ནས་ལས་ཞུགས་བྱ་ཆོག་པ་དང་། “ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པའི”བྱ་ཐབས་སྤྱད་དེ་དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པའི་གསོ་སྦྱོང་ངམ་ཡང་ན་མི་སྤྱི་སྡེ་ཚན་གྱིས་གསོ་སྦྱོང་དགེ་རྒན་བདམས་པ་དང་བཀོད་སྒྲིག་བྱས་ནས་ལས་གནས་སུ་གསོ་སྦྱོང་བྱེད་དགོས་པ་དང་། གསོ་སྦྱོང་ཚད་ལོན་རྗེས་ངལ་རྩོལ་གན་རྒྱ་དངོས་སུ་འཇོག་དགོས། གསོ་སྦྱོང་གི་གྲོན་དངུལ་མི་སྤྱི་སྡེ་ཚན་གྱིས་ལྗོངས་ནང་ཁུལ་གྱི་ཁེ་ལས་ཀྱི་ལས་ཞུགས་གསོ་སྦྱོང་གི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་གཞིར་བཟུང་ཁ་གསབ་་རོགས་དངུལ་སྤྲོད་རྒྱུ་རེད།

དངུལ་རྩའི་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་ཐད། དངུལ་རྩའི་སྒྲིག་གཞིས་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་མཁན་ཁེ་ལས་ཀྱི་རེ་འདུན་གཞིར་བཟུང་། ཆ་རྐྱེན་དང་མཐུན་པ་དང་མ་དངུལ་འཁོར་རྒྱུག་རང་བཞིན་ལ་གནས་སྐབས་དཀའ་ངལ་འཕྲད་པའི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཀྱི་དངུལ་བུན་གྱི་མ་སྐྱེད་ཐད་གནས་སྐབས་རང་བཞིན་གྱི་ནར་འགྱངས་འཇལ་སྤྲོད་ཀྱི་བཀོད་སྒྲིག་བྱ་རྒྱུ་དང་། སྐྱེད་ཀ་དེ་2020ལོའི་ཟླ་6ཚེས་30ཉིན་བར་ནར་འགྱངས་བྱ་རྒྱུ་མ་ཟད། ཆད་འགེལ་སྐྱེད་ཀ་ཡང་སྤྲོད་མི་དགོས།

རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་གི་ངལ་རྩོལ་འབྲེལ་བ་བརྟན་དུ་གཏོང་བའི་ཐད། ཏོག་གསར་གློ་ཚད་འགོས་པའི་ནད་པ་དང་། དོགས་ཡོད་ནད་དཔེ། འབྲེལ་འདྲིས་ཟབ་མོ་ཡོད་མཁན་བཅས་ལོགས་སུ་བཞག་ནས། སྨན་བཅོས་བྱེད་རིང་ངམ་ཡང་ན་གསོ་རིག་ལྟ་ཞིབ་བྱེད་རིང་དང་དེ་བཞིན་སྲིད་གཞུང་གིས་ལོགས་སུ་འཇོག་ཐབས་སྤྱད་པའམ་ཡང་ན་ཛ་དྲག་གི་བྱ་ཐབས་གཞན་དག་སྤྱད་པའི་དབང་གིས་རྒྱུན་གཏན་གྱི་ངལ་རྩོལ་བྱེད་མི་ཐུབ་པའི་རིགས་ལ། མི་སྤྱོད་ཚན་པས་མཐོ་སློབ་སློབ་ཐོན་སློབ་མ་དང་བཞག་པའི་ངལ་རྩོལ་གན་རྒྱ་རྩིས་མེད་བཟོ་མི་ཆོག དེའི་རིང་ངལ་རྩོལ་གན་རྒྱའི་དུས་ཚོད་ཐིམ་པའི་རིགས་ལ་ངལ་རྩོལ་པའི་སྨན་བཅོས་བྱེད་ཡུན་ཐིམ་པ་དང་། གསོ་རིག་གི་ལྟ་ཞིབ་བྱེད་ཡུན་ཐིམ་པ། ལོགས་སུ་འཇོག་ཡུན་ཐིམ་པའམ་ཡང་ན་སྲིད་གཞུང་གིས་སྤྱད་པའི་ཛ་དྲག་བྱ་ཐབས་མཇུག་འགྲིལ་བའི་བར་རིམ་བཞིན་ནར་འགྱངས་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།