ཝུའུ་དབྱིང་ཅེ་ལྷོ་ཁའི་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་ནགས་བཟོའི་བྱེད་སྒོར་ཞུགས་པ།

022dd927-5361-4525-bb37-e7f375e83466.jpg.1.jpg

འདི་ནི་ཝུའུ་དབྱིང་ཅེས་ཚང་མ་དང་མཉམ་དུ་སྡོང་ཕྲུག་འཛུགས་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས7ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལྷོ་ཁའི་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་ནགས་བཟོའི་བྱེད་སྒོར་ཞུགས་སྐབས་ནན་བཤད་གནང་བ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་དགོས་ལ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་དགོས་པ་དང་། རང་བྱུང་ཁམས་ལ་མཐོང་ཆེན་དང་གཅེས་སྐྱོང་ཡང་བྱས་ཏེ། ཕུགས་ལ་དམིགས་པ་དང་། ཡུལ་བབ་དང་བསྟུན་པ། ཚན་རྩལ་ལ་བརྟེན་པ། གྲོན་ཆུང་བསྲི་ཚགས་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བཅས་བྱས་ཏེ། སྔོ་ལྗང་ལ་དགའ་ཞེན་དང་། རྩི་ཤིང་འཛུགས་པ། སྔོ་ལྗང་ལ་སྲུང་སྐྱོང་བཅས་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སུ་སྔོ་ལྗང་ས་ཆ་མང་ཙམ་བསྐྲུན་པ་དང་ལྗོངས་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་བཅས་ལྷན་དུ་ལྗོན་ཤིང་འཛུགས་པར་ཞུགས་པ་རེད།

སྔ་དྲོའི་ཆུ་ཚོད11ཙམ་ལ། ཝུའུ་དབྱིང་ཅེ་དང་བཅས་པ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་གྱི་ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོ་སྲིན་བུ་རིའི་བཀོད་སྒྲིག་ཁུལ་དུ་ཕེབས་ནས། དོང་ཁུང་འདྲུ་བ་དང་། ས་རྒྱོང་བ། སྡོང་ཕྲུག་སྲོང་པོར་འཇུ་བ། ཆུ་རྒྱག་པ་སོགས་ཀྱི་ཕྱག་ལས་ལ་བྲེལ་འགོ་བརྩམས། དེ་གར་ཚ་ཚ་འུར་འུར་ངང་ངལ་རྩོལ་བྱེད་པའི་རྣམ་པས་ཁེངས་པ་དང་། བཙུགས་མ་ཐག་པའི་སྡོང་ཕྲུག་གྲལ་སྟར་འགྲིག་པོས་གནས་ཡོད་པ་དག་ལས་སྐྱེ་སྟོབས་ཀྱི་གསོན་ཤུགས་རབ་ཏུ་འཕེལ་བཞིན་མཆིས།

ཆུ་འདྲེན་མི་དགོས་པའི་ཤིང་འཛུགས་ལག་རྩལ་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས་ཝུའུ་དབྱིང་ཅེས།ཤིང་འཛུགས་ནགས་བཟོ་ནི་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་དངོས་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་ཞིག་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་གསར་པར་བསྟུན་པའི་བྱེད་ཐབས་གལ་ཆེན་ཞིག ཀུན་ཕན་གྱི་དམངས་འཚོའི་འདུ་འགོད་ཅིག་བཅས་རེད། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་ཟུང་འབྲེལ་བྱས་ཏེ། ནགས་བཟོ་སྔོ་འགྱུར་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྔ་བར་ཕྱི་གསུམ་དུ་མཐོང་ཆེན་པོ་བྱེད་པ་དང་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་འབད་འཐབ་བྱས་ནས“ཚང་མར་སྐྱེ་ཤིང་ཡོད་པར་བྱེད་པའི”གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་དང་གྲོང་ཁྱེར་དང་གྲོང་གསེབ་སྔོ་ལྗང་ཅན་དང་མཛེས་སྡུག་ལྡན་པར་འགྱུར་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས། སྔ་བར་ཕྱི་གསུམ་དུ་སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་དང་། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་པ་དང་དམངས་ཡོངས་ཧུར་ཐག་ཞུགས་རྒྱུ་མཐའ་འཁྱོངས། རང་འགུལ་ངང་བྱས་རྗེས་འཇོག་པ་དང་སྙིང་རུས་གཏན་འཁྱོངས། ས་སྟོང་ལ་ལྗོན་ཤིང་འཛུགས་པ། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ཤུགས་ཆེན་སྤེལ་བ། སྡོང་ཕྲུག་རེ་རེ་བཙུགས་ནས་གཞི་ཁྱོན་ཅན་དུ་འགྱུར་བ་བཅས་བྱས་ཏེ། ལྗང་མདོག་འདི་ཉིད་བོད་ལྗོངས་ཀྱི་ཚོས་གཞི་མཛེས་ཤོས་སུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

ཤིང་འཛུགས་ཀྱི་བར་གསེང་དུ་ཝུའུ་དབྱིང་ཅེས་འོས་འགན་ཤིང་འཛུགས་ནང་ཞུགས་མཁན་ལས་བྱེད་པ་དང་མང་ཚོགས་དབར་བྱམས་བརྩེའི་གླེང་མོལ་གནང་ཞིང་། ཁོང་གིས“ཁྱིམ་དུ་ནང་མི་ག་ཚོད་ཡོད་དམ”“འཚོ་བའི་རྟེན་ས་གང་ཡོད་དམ། དཀའ་ངལ་གང་ཞིག་འདུག་གམ”ཞེས་བཀའ་འདྲི་གནང་ཞིང་། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་སླེའུ་ཆུང་གྲོང་ཚོའི་ས་གནས་དེ་རང་གི་གྲོང་མི་དང་དགོན་སྟོད་གྲོང་རྡལ་གྱི་ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོའི་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་གྱི་གནས་སྤོའི་མང་ཚོགས་ཚོར་ཤིང་འཛུགས་ནགས་བཟོའི་ཁྲོད་ནས་ཉིན་གླ་སྒོར་150ལེན་རྒྱུ་ཡོད་པ་མཁྱེན་རྗེས། ཝུའུ་དབྱིང་ཅེས་ཐུགས་བཟང་ཚིག་ནན་གྱི་སྒོ་ནས་ཚང་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་འོག་ང་ཚོར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་དང་། རང་རེའི་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལས་ང་ཚོར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད། ང་ཚོས“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི”གནས་ལུགས་གསལ་པོར་རྟོགས་པ་བྱས་ནས་བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲང་བ་དང་། དར་ཆ་གསལ་སྟོན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་ནས་ཐོན་པའི་ཤུགས་རྐྱེན་ངན་པ་སེལ་བ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་བཅས་བྱས་ཏེ། དཀའ་སྤྱད་ལག་ཟུང་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས། ས་གནས་དེ་གའི་མང་ཚོགས་དང་གནས་སྤོས་མང་ཚོགས་ཚོས་ཕན་ཚུན་འཆམ་མཐུན་དང་། མཐུན་སྒྲིལ་རོགས་རེས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱས་ཏེ་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་དགོས་ཞེས་གསུངས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།