ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ལམ་ཟམ་ཚོགས་པ་གཞུང་ལམ་ལས་གཞི་ཅུའུ་དང་པོ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་སྐོར་ལམ་ཤར་མའི་བྱང་ངོས་ལམ་གྱི་རྣམ་གྲངས་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་བྱས་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ལས་ཐོན་བསྐྱར་ཚུགས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཆེད། རྣམ་གྲངས་པུའུ་ཡིས་ཆེད་དམིགས་ཇུས་གཞི་དང་རྩིས་ཐོ་བཟོས་ནས་དོ་དམ་མི་སྣ་དང་ཨར་ལས་མི་སྣའི་ཆ་འཕྲིན་དང་བདེ་ཐང་གནས་ཚུལ་ཐོ་འགོད་ཞིབ་ཕྲ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་གཉིས་ཀ་འཐུས་ཤོར་མི་འགྲོ་བ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་སྐོར་ལམ་ཤར་མའི་བྱང་ངོས་ལམ་གྱི་རྣམ་གྲངས་ཀྱི་སྤྱིའི་རིང་ཚད་སྤྱི་ལེ18ཡོད་པ་དང་ནུབ་ངོས་ནས་ཤར་ངོས་དང་ལྷ་ས་སྐྱིད་ཆུའི་བྱང་ངོས་སུ་འདིང་རྒྱུའི་འཆར་གཞི་ཡོད་པ་རེད། ལམ་ཐིག་ཧྲིལ་པོར་ཕྱོགས་གཉིས་སུ་བསྐྱོད་པའི་འཁོར་ལམ་བཞི་བཟོས་ནས་གྲོང་ཁྱེར་གྱི་མ་ལམ་གཙོ་བོའི་ཚད་གཞིར་གཞི་འཛིན་རྒྱུ་ཡིན་པ་རེད། ཆུ་ཚོད་རེར་སྤྱི་ལེ60ཡི་མྱུར་ཚད་ཇུས་འགོད་བྱས་ཡོད་པ་དང་ལམ་ངོས་སུ་སྣུམ་ནག་ལམ་འདིང་རྒྱུ་དང་ཟམ་པ8དང་ཕུག་ལམ1འཆར་འགོད་བྱས་ཡོད་པ་རེད། རྣམ་གྲངས་བསྐྲུན་རྗེས་ལྷ་ས་གྲོང་ཁྱེར་གྱི་སྐོར་ལམ་ཤར་མའི་བྱང་ངོས་ལམ་དང་ལྷ་ས་གྲོང་ཁྱེར་གྱི་སྐོར་ལམ་ཤར་མའི་ལྷོ་ངོས་ལམ་དེ་སྟག་རྩེའི་ཟམ་ཆེན་དང་འབྲེལ་མཐུད་བྱ་རྒྱུ་ཡིན་པ་དེས་ཡུག་ཁུལ་གཉིས་ཀྱི་འགྲིམ་འགྲུལ་དུས་ཚོད་ཇེ་ཐུང་དུ་གཏོང་ཐུབ་པ་མ་ཟད། སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་རྒྱུ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ལྷ་ས་གྲོང་ཁྱེར་གྱི་སྐོར་ལམ་ཤར་མའི་བྱང་ངོས་ལམ་གྱི་རྣམ་གྲངས་ལས་འགོ་བསྐྱར་འཛུགས་བྱས་པ།