ཉིང་ཁྲི་གྲོང་ཁྱེར་གྱིས་ཁྲིམས་འགལ་ངང་ཉ་རིགས་ཕྱིར་འཚོང་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ4བ་ནས་ཟླ6པའི་བར་ནི་རི་སྐྱེས་ཚྭ་མེད་ཆུའི་ཉ་རིགས་ཀྱི་སྒོ་ང་གཏོང་བའི་དུས་དང་ཕྲུ་གུ་གསོ་བའི་དུས་ཡིན་ལ། ཁྲིམས་འགལ་གྱི་ཉ་འཛིན་བྱ་འགུལ་སྣ་ཚོགས་སྤེལ་བའི་དུས་ཀྱང་ཡིན། ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་གྱིས་ཉ་རིགས་ཁྲིམས་འགལ་ངང་ཕྱིར་ཚོང་བྱེད་པའི་མཉམ་འབྲེལ་ཞིབ་བཤེར་སྤེལ་ནས། གྲོང་ཁུལ་གྱི་ཞིང་ལས་ཉོ་ཚོང་ཁྲོམ་ར་དང་། ཉ་རིགས་སྡེབ་ཚོང་ཚོང་ཁང་། ཉ་རིགས་ཆེད་གཉེར་ཟ་ཁང་། གྲོང་འདབས་ཀྱི་ཉ་ར་སོགས་སུ་གཙོ་གནད་དུ་ཞིབ་བཤེར་བྱས་པ་རེད། 

རྒྱུས་ལོན་པ་ལྟར་ན། རྗེས་མར་ཉིང་ཁྲི་གྲོང་ཁྱེར་ཞིང་ལས་ཞིང་སྡེ་ཅུའུ་ཡིས《2020ལོའི་ཉ་ལས་དབུལ་སྐྱོར་དང་ཞིན་སྐྱོར་བོད་སྐྱོར་བྱ་བའི་ཇུས་གཞི》དང་ཟུང་འབྲེལ་བྱས་ནས། སྤུས་ལེགས་ཆུ་ཁོངས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། དོས་སྒམ་འཁོར་རྒྱུག་ཆུ་ཐོན་དངོས་རྫས་གསོ་ཚགས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཉ་རིགས་སྐྱེ་འཕེལ་དང་ཚེ་ཐར་གཏོང་བའི་བྱ་འགུལ་སྤེལ་ཞིང་། ཡུལ་དེའི་གདོད་མའི་ཉ་རིགས་གསོ་སྤེལ་སྲུང་སྐྱོང་རྟེན་གཞི་སྐྲུན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཉ་ལས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སླར་གསོ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།