གཞིས་ཀ་རྩེ་གྲོང་ཁྱེར་གྱིས་མ་རབས་ཀྱི་འགྲིམ་འགྲུལ་བྱེད་སྤྱོད་ལ་ཆེད་དོན་བཅོས་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གྲོང་མིའི་ཡ་རབས་བྱང་ཚད་མཐོ་རུ་དང་གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་གཏོང་ཆེད། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་གིས་དོན་དངོས་ནས་འགོ་བཙུགས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་རང་འགུལ་ངང་ལས་དོན་སྒྲུབ་ནས་མ་རབས་ཀྱི་འགྲིམ་འགྲུལ་བྱེད་སྤྱོད་ལ་ཆེད་དོན་བཅོས་སྒྲིག་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་དེ་ཉིད་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་ལ་གཏོད་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

བཅོས་སྒྲིག་གི་བྱ་སྤྱོད་ནང་མི་དམངས་ཉེན་རྟོག་པས་གཞིས་རྩེ་གྲོང་ཁུལ་གྱི་ལམ་མདོ་གཙོ་བོར་འགྲུལ་བཞུད་པས་སྟག་རིས་ལམ་ཐིག་ཐོག་མི་འགྲོ་བ་དང་། གློག་དམར་མི་སྒུག་པ། ལྕགས་དྲ་ནས་མཆོང་བ་སོགས་མ་རབས་ཀྱི་འགྲིམ་འགྲུལ་བྱེད་སྤྱོད་ལ་བཅོས་སྒྲིག་བྱས་པ་རེད། མ་རབས་ཀྱི་འགྲིམ་འགྲུལ་བྱེད་སྤྱོད་རིགས་མཐོང་མ་ཐག་སློབ་གསོ་གཙོ་བོ་དང་ཆད་པ་ཉུང་ཉུང་གཏོང་བའི་རྩ་དོན་གཞིར་བཟུང་། གྲོང་མིར་སྐབས་འཕྲལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་འབྲེལ་དང་བླངས་ཞབས་ཞུའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཤིང་། འགྲིམ་འགྲུལ་ཉེན་རྟོག་པའི་རོགས་རམ་འོག་ཁོང་ཚོས་ཀྱང་འགྲིམ་འགྲུལ་སྒྲིག་འགལ་བྱེད་སྤྱོད་སྤེལ་མཁན་གྲོང་མི་གཞན་ལ་ཁ་ཏ་བསླབ་བྱ་བྱས་ཡོད་ལ། རྒྱ་ཆེའི་མང་ཚོགས་ལ་རང་འགུལ་ངང་འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་རྒྱུའི་འབོད་སྐུལ་བྱས་ནས། འགྲོ་ལམ་འགྲིམ་འགྲུལ་ནང་ཞུགས་མཁན་གྱི་ཡ་རབས་ཕྱིར་སྐྱོད་འདུ་ཤེས་སྔར་བས་ཟབ་ཏུ་བཏང་བས། མི་ཚང་མས་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་ལ་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་གིས་མ་རབས་ཀྱི་འགྲིམ་འགྲུལ་བྱེད་སྤྱོད་ལ་རྒྱུན་མཐུད་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་འགྲིམ་འགྲུལ་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།