བོད་ལྗོངས་སུ་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པར་རེ་འདུན་ཞུ་ཡིག་སྐྱེལ་དགོས་མེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་འགོར། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་དང་མཉམ་དུ་རང་ལྗོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལས་སྒོའི་གོ་རིམ་སྔར་བས་ལེགས་སུ་དང་། སྤྱི་གསོག་མ་དངུལ་སྐྱེལ་བ་དང་གསོག་པའི་ལས་བཟོའི་དཔྱད་གཞིའི་ཡིག་ཆ་སྟབས་བདེ་རུ་བཏང་ནས། སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པར་སླར་ཡང་རེ་འདུན་ཞུ་ཡིག་སྐྱེལ་མི་དགོས་པ་བསྟན་ཡོད།

ལས་སྒོའི་གོ་རིམ་སྟབས་བདེ་རུ་བཏང་ནས། སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཁག་གིས་ལས་སྒོའི་དྲ་ཚུགས་ལ་ཞིབ་དཔྱད་གཙང་མ་དང་། གཅིག་འཐུས་རྣམ་པའི་བདག་སྤྲོད་ལ་མཛུབ་ཁྲིད་བྱས་ཏེ། སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པ་དང་དངུལ་བུན་གཡར་མཁན་ཆ་རྐྱེན་ཚང་བ་རྣམས་ཀྱིས་འགྲོ་ཐེངས་གཅིག་ལ་ལས་སྒོ་གཉེར་ཐུབ་པ་བྱེད་དགོས།

གསར་འགོད་པར་ཤེས་རྟོགས་བྱུང་བར། སྡོད་ཁང་འཛུགས་སྐྲུན་པུའུ་དང་། ནོར་སྲིད་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་བཅས་ཀྱི《ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་བཅག་སྟེ་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལས་སྒོར་དུས་མཚམས་རང་བཞིན་གྱི་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་གཞིར་བཟུང་། ཏོག་གསར་གློ་ཚད་རིམས་ནད་ཀྱིས་རང་ལྗོངས་ཀྱི་སྤྱི་གསོག་མ་དངུལ་སྐྱེལ་བ་དང་གསོག་མཁན་ཁེ་ལས་ཀྱི་ལས་སྒོར་ཤུགས་རྐྱེན་ཐེབས་པར་དམིགས་ཏེ། སྤྱི་གསོག་མ་དངུལ་སྐྱེལ་བ་དང་གསོག་མཁན་ཁེ་ལས་ཀྱིས་ལས་བཟོ་དང་གྲོས་མོལ་བྱས་ནས་གཅིག་མཐུན་བྱུང་རྗེས། གཏན་འབེབས་གཞིར་བཟུང་2020ལོའི་ཟླ་6ཚེས་30ཉིན་གོང་།སྡོད་ཁང་སྤྱི་གསོག་མ་དངུལ་སྤྲོད་རྒྱུ་དུས་འགྱངས་བྱེད་པའམ་ཡང་ན་དུས་མཚམས་རང་བཞིན་གྱི་སྒོ་ནས་སྡོད་ཁང་སྤྱི་གསོག་མ་དངུལ་སྐྱེལ་བ་དང་གསོག་པའི་བསྡུར་གྲངས་དམའ་རུ་གཏོང་རྒྱུའི་རེ་ཞུ་བྱེད་ཆོག་པ་དང་། དུས་འགྱངས་བྱེད་རིང་། སྤྱི་གསོག་མ་དངུལ་གྱི་ལས་སྒོ་གཉེར་བར་ཤུགས་རྐྱེན་ཐེབས་ཀྱི་མེད།

རིམས་ནད་ཀྱིས་རྐྱེན་པས་སྤྱི་གསོག་མ་དངུལ་གྱི་ལས་སྒོ་ཆེད་མངགས་གཉེར་མཁན་བོད་དུ་ལོག་ཐབས་བྲལ་བས། སྤྱི་གསོག་མ་དངུལ་སྐྱེལ་མཁན་ཚན་པས་སྙན་སེང་ཐོ་འགོད་བྱས་ན། ཚན་པ་དེ་གའི་ལས་བཟོའི་སྤྱི་གསོག་མ་དངུལ་སྐྱེལ་བ་དང་ལས་བཟོས་སྤྱི་གསོག་མ་དངུལ་ལེན་པར་ཤུགས་རྐྱེན་ཐེབས་ཀྱི་མེད།

རིམས་ནད་ཀྱིས་རྐྱེན་པས་2020ལོའི་ཟླ་6ཚེས་30ཉིན་གོང་། ཟླ་རེར་རྒྱུན་གཏན་ལྟར་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྤྲོད་མི་ཐུབ་པའི་ལས་བཟོ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་མཁན་མི་སྣར། དངུལ་བུན་དུས་ཐོག་ཏུ་མི་སྐྱེལ་བར་བརྩི་ཡི་མེད་པ་མ་ཟད། ཡིད་རྟོན་ཚན་པར་ཡང་སྙན་སེང་ཞུ་ཡི་མེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།