ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་སྐོར་གྱི་མཐོང་ཐོས།

979.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་རྣམ་གྲངས་ཡོངས་ལས་འགོ་བསྐྱར་འཛུགས་བྱས་ཟིན་པ་དང་། དངོས་ཚན་ཁེ་ལས་ཡོངས་ཐོན་སྐྱེད་སླར་གསོ་བྱུང་ཞིང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱུང་རྗེས་མི་1000ལྷག་ཙམ་ལས་ཞུགས་བརྟན་པོ་ཐུབ་རྒྱུར་སྐུལ་འདེད་ཐུབ་ཡོད་པ་རེད།

ཟླ་བ་བཞི་པར་ས་ཆུ་དྲོས་ཤིང་དཔྱིད་ཀྱི་མེ་ཏོག་བཞད། ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁུལ་ནས་རླངས་འཁོར་གྱི་ལམ་ཐག་སྐར་མ་30ཙམ་གྱི་སར་ཡོད་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་གསོན་ཤུགས་ཀྱིས་ཁེངས། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རིམ་གྱིས་སྐུལ་འདེད་བཏང་བ་དང་བསྟུན་ནས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཨར་སྐྲུན་ཁུལ་ཁག་ཏུ་སྐྱེལ་འདྲེན་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པ་དང་། ཐོན་སྐྱེད་འཁོར་ཁང་དུ་འཕྲུལ་འཁོར་དང་སྒྲིག་ཆས་ཀྱི་འུར་སྒྲས་ཁེངས་ཤིང་། ལས་མི་རྣམས་བྲེལ་བརྩོན་ཆེན་པོས་ལས་ཀ་བྱེད་བཞིན་ཡོད།

2018ལོ་ནས་2019ལོའི་སྤྱི་པའི་བོགས་གཏོང་ཁང་པའི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་བསྐྱོད་པ་ན། ཁུལ་ཆུང་དང་པོ་དང་གཉིས་པའི་ལས་ཡུལ་དུ་ལྗིད་འདེགས་འཕྲུལ་འཁོར་དང་། སྐྱེལ་འདྲེན་རླངས་འཁོར། རྐོ་འདྲུའི་འཕྲུལ་འཁོར་སོགས་གོ་རིམ་ལྡན་པའི་ངང་ལས་སྒྲུབ་བྱེད་པ་དང་། ལས་མི་37གྱིས་སོ་སོའི་ལས་ཀར་རྩེ་གཅིག་ཏུ་འབད་ནས་གང་སར་བྲེལ་བརྩོན་གྱི་རྣམ་པས་ཁེངས།

“རྣམ་གྲངས་ལས་སྐྲུན་དངོས་6རྒྱག་རྒྱུའི་འཆར་གཞི་ཡོད་པ་དང་། མིག་སྔར་ཁུལ་ཆུང་གཉིས་པའི་ཐོག་ཁང་དང་པོ་དང་། གཉིས་པ། དྲུག་པ་བཅས་ཀྱི་སྒྲོམ་གཞི་གཙོ་བོ་སྔོན་དཔག་ལྟར་ན་ཟླ་8པའི་ཟླ་མཇུག་ཏུ་ལེགས་གྲུབ་ཟིན་རྒྱུ་དང་ལོ་མཇུག་ཏུ་རྩིས་སྤྲོད་ཐུབ་རྒྱུ་རེད། ཁུལ་ཆུང་དང་པོའི་ཐོག་ཁང་གསུམ་པ་དང་། བཞི་པ། ལྔ་པ་བཅས་མིག་སྔར་མཛེས་བཟོའི་ལས་གྲྭ་སྔོན་དཔག་ལྟར་ན་50%ཙམ་ལེགས་གྲུབ་ཟིན་ཡོད་”ཅེས་ཀྲུང་གོ་ལྕགས་ལམ་ཅུས་བཅུ་བཞི་པའི་ཆབ་མདོ་རྣམ་གྲངས་ཀྱི་སྤྱི་ཁྱབ་ལས་དཔོན་ཀྲང་ཏུང་ཏུང་གིས་བརྗོད། ཁོང་གིས་སྤྱིར་ན་རྣམ་གྲངས་ཀྱི་སྐྲུན་ཡུན་ཟླ་1ལྷག་ཙམ་འགོར་འགྱངས་བྱུང་ནའང་། ཟླ་3ཚེས་10ཉིན་ལས་འགོ་བསྐྱར་འཛུགས་བྱས་པ་ནས་བཟུང་ཨར་སྐྲུན་ཚན་པས་ཡུལ་དེ་གའི་འཕྲུལ་འཁོར་དང་ངལ་རྩོལ་པ་ཧུར་ཐག་སྤྱད་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀ་ཡག་པོ་སྒྲུབ་པ་དང་དུས་མཚུངས་ཨར་རྒྱག་ལས་ཕྱོད་ཆེ་རུ་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་ལྕགས་ཁ་ཟམ་པའི་ལས་གྲྭ་རྣམ་གྲངས་ཀྱི་འཛུགས་སྐྲུན་བྱ་ཡུལ་དུ་ཟམ་པ་70%ནས་80%བསྐྲུན་ཟིན་པ་དང་། ལས་མི་རྣམས་ཟམ་ངོས་སུ་ལས་ཀ་བྱེད་བཞིན་འདུག

ལྕགས་ཁ་ཟམ་པའི་རྣམ་གྲངས་ལ་བསྡོམས་མ་དངུལ་སྒོར་ཁྲི་7918བཏང་བ་དང་སྤྱིའི་རིང་ཚད་སྨི་400དང་བགྲོད་ལམ་གྱི་ཞེང་ཚད་སྨི་24ཟིན་ལ་ཕྱོགས་གཉིས་ཀྱི་འཁོར་ལམ་བཞི་དང་གཞོགས་གཉིས་སུ་སྨི་4ཟིན་པའི་མི་འགྲོ་སའི་ལམ་འཆར་འགོད་བྱས་ཡོད་པ་རེད།

ལྕགས་ཁ་ཟམ་པའི་ལས་གྲྭའི་རྣམ་གྲངས་ཀྱི་སྤྱི་ཁྱབ་ལས་དཔོན་ཡེ་ཅན་ཝེས“ཟླ་3ཚེས་8ཉིན་ལས་འགོ་བསྐྱར་འཛུགས་བྱས་ཚུན། མིག་སྔར་ལས་ཡུལ་དུ་ལས་མི་25དང་དོ་དམ་མི་སྣ་8ཡོད་པ་དང་། མུ་མཐུད་ད་དུང་ལས་མི་ཇེ་མང་དུ་གཏོང་རྒྱུ་ཡིན། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག ལས་འགོ་བསྐྱར་འཛུགས་ཀྱིས་ཐོན་སྐྱེད་མགྱོགས་སུ་བཏང་ནས་ཟླ་5པའི་ཟླ་མཇུག་ཏུ་རྣམ་གྲངས་རྩིས་སྤྲོད་ཐུབ་པ་བྱ་རྒྱུ་ཡིན”ཞེས་བརྗོད།

ལྕགས་ཁ་ཟམ་པ་བསྐྲུན་རྗེས་ལྕགས་ཁ་གྲོང་ཚོ་དང་འདམ་སྐྱོ་གྲོང་ཚོ་འབྲེལ་ཐུབ་རྒྱུ་ཡིན་ཞིང་། ཟམ་པ་ལས་མཇུག་འགྲིལ་ནས་འཁོར་རིགས་ཤར་གཏོང་ཐུབ་རྗེས། གྲོང་ཚོ་གཉིས་ཀྱི་གྲོང་མི་ཚོས་སྤྱི་ལེ་གཉིས་གསུམ་ཙམ་བསྐོར་ནས་འགྲོ་དགོས་ཀྱི་མེད།

ལྕགས་ཁ་ཟམ་པ་དེ་ལྕགས་ཁ་གྲོང་ཚོའི་གཞོགས་ཤིག་ཏུ་ཡོད་པ་དང་། དེ་ནི་སྐྲུན་བཞིན་པའི་ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་Aརགས་ཁུལ་གྱི་གྲོང་ཁྱེར་བགྲོད་ལམ(ལྕགས་ཁ་བྱང་ངོས)ལས་གྲྭའི་རྣམ་གྲངས་ཡིན། གྲོང་ཁུལ་ནས་གནམ་ཐང་དང་རྫོང་ཁག་ཏུ་བསྐྱོད་སའི་ལམ་དུམ་གལ་ཆེན་ཡིན་པའི་རྐྱེན་གྱིས་དེ་གར་འགྲུལ་རྒྱ་ཕྱེད་ཙམ་བསྡམས་ནས་ཨར་ལས་བྱེད་ཀྱི་ཡོད། མིག་སྔར་ལམ་དཀྱིལ་ཁག་གཅིག་བསྐྲུན་ཚར་བ་དང་། ལམ་དུམ་མགོ་མཇུག་གཉིས་ཀྱི་ལམ་ངོས་མཐའ་མ་སྐྲུན་བཞིན་ཡོད་པ་རེད།

“ལྕགས་ཁ་བྱང་ངོས་ཀྱི་འཛུགས་སྐྲུན་རྣམ་གྲངས་ཀྱི་རིང་ཚད་ལ་སྤྱི་ལེ་3.04ཟིན་པ་དང་ཕྱོགས་གཉིས་ཀར་འཁོར་ལམ་བཞི་རེ་ཡོད་པ་རེད། མིག་སྔར་ལས་འབོར་70%གྲུབ་ཡོད་པ་དང་སྔོན་དཔག་ལྟར་ན་ཟླ་5པའི་ཟླ་མཇུག་ཏུ་རྩིས་སྤྲོད་ཐུབ་རྒྱུ་རེད”ཅེས་ལྕགས་ཁ་བྱང་ངོས་རྣམ་གྲངས་ཀྱི་འགན་ཁུར་བ་ཝེ་ཏུང་གིས་བརྗོད།

ཤེས་རྟོགས་བྱུང་བ་ལྟར་ན། དཔལ་འབྱོར་གསར་སྤེལ་ཁུལ་གྱི་རྣམ་གྲངས་ཁག་དང་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱུང་རྗེས། རིམས་འགོག་ཐད་བོད་དུ་ཡོང་མཁན་ལས་མིར་ལོགས་འཇོག་གི་གསོ་རིག་བརྟག་དཔྱད་བྱེད་ཐབས་སྤྱད་པ་དང་བཀག་སྡོམ་རྣམ་པའི་ཨར་རྒྱག་བྱས་ཁར་དུས་བཀག་ནང་འགག་རྩའི་གནས་བབ་ལ་དུག་སེལ་བྱས་པ་དང་། དུས་བཀག་ལྟར་ལས་མིར་ཚ་བ་བལྟས་ནས་ཟིན་ཐོ་ཞིབ་ཚགས་ཀྱང་འགོད་ཀྱི་ཡོད་པ་རེད།

དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་འཛུགས་སྐྲུན་དོ་དམ་ཁྲུའུ་ཡི་ལིའུ་ཧའེ་ཡང་གིས“རྣམ་པ་གསར་རྐྱང་གི་ཐོག་བརྟེན་ནས་ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་ཆེད། དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱིས་གཅིག་གྱུར་འགོ་ཁྲིད་དང་སྤྱི་འདོམས་སྐུལ་འདེད་དང་། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་དང་གནད་དོན་ཐག་གཅོད། མ་དངུལ་སྤྱི་འདོམས་དང་འཛུགས་སྐྲུན་འགན་ལེན། མཉམ་དུ་སྔོན་འགོག་དང་ཚོད་འཛིན་དང་དེ་བཞིན་བདེ་འཇགས་ཨར་སྐྲུན་བཅས་བྱེད་ཐབས་བཞི་ལ་བརྟེན་ནས་གླིང་ཁུལ་གྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་བཏང་ཡོད། མིག་སྔར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་རྣམ་གྲངས་ཡོངས་ལས་འགོ་བསྐྱར་འཛུགས་བྱུང་བ་དང་། དངོས་ཚན་ཁེ་ལས་ཡོངས་ཐོན་སྐྱེད་སླར་གསོ་ཐུབ་པ་མ་ཟད། ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་ཆེད། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་རྗེས་མིག་སྔའི་བར་མི1000ལྷག་ཙམ་ལས་ཞུགས་བརྟན་པོ་ཐུབ་རྒྱུར་སྐུལ་འདེད་ཐེབས་ཡོད”ཅེས་གསར་འགོད་པར་བཤད་བྱུང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།