ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་ནག་ཆུ་ཆུ་བེད་ཅུས་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནག་ཆུ་གྲོང་ཁྱེར་གྱིས་ཆུ་བེད་ལ་མ་དངུལ་གཏོང་ཚད་སྔར་བས་མང་དུ་བཏང་བ་དང་མ་དངུལ་གཏོང་ཚད་ལོ་རྒྱུས་ཀྱི་མང་ཤོས་སུ་སླེབས་ནས་ནག་ཆུའི་ཆུ་བེད་བྱ་གཞག་མགྱོགས་མྱུར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་དུས་སྐབས་གསར་པར་སླེབས་པ་རེད།
མིག་སྔའི་བར་ནག་ཆུ་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་30.144(གཏའ་འཇོག་དངུལ་བུན་གྱི་PSLརྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་4དང་། གྲོང་ཁྱེར་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བུན་འཛིན་སྔ་སྣུར་དུ་སྤྲད་པའི་མ་དངུལ་སྒོར་དུང་ཕྱུར་4.02 གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་བརྟན་པོའི་ངང་མཐོ་རུ་གཏོང་བའི་ལས་གྲྭའི་དབུལ་སྐྱོར་བསྡུ་སྒྲིལ་མ་དངུལ་སྒོར་དུང་ཕྱུར་4.0136བཅས་ཚུད་ཡོད)ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཆུ་བེད་ལ་བཏང་བའི་མ་དངུལ་སྤྱི་འབོར་གྱི་ལྡབ་2.3ཟིན་པ་དང་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་དང་། འབྲོག་ཁུལ་གྱི་ཆུ་བེད། ཆུ་ལོག་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་། ས་ཆུ་སྲུང་འཛིན་གྱི་སྣོད་བཅུད་སླར་གསོའི་འདུ་འགོད་སོགས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཆུ་བེད་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད།
དེ་དང་དུས་མཚུངས་ནག་ཆུ་གྲོང་ཁྱེར་གྱིས་ལོ་རྒྱུས་སུ་མ་དངུལ་གཏོང་མང་ཤོས་ཀྱི་ཆུ་བེད་རྣམ་གྲངས་མེ་འབར་ཐང་ཆུ་མཛོད་ལས་གྲྭའི་དུས་འགོའི་ལས་དོན་བདེ་བླག་ངང་སྤེལ་བ་མ་ཟད། 2020ལོའི་ཟླ་2ཚེས་6ཉིན་རྣམ་གྲངས་དེའི་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་ཞུར་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་མཆན་བཀོད་བཀའ་ལན་ཐོབ་ནས། རང་ལྗོངས་ཀྱི་ཁག་ཐེངས་གཅིག་གི་ཆུ་མཛོད་འབྲིང་གྲས་ལྔའི་ཁྲོད་མཆན་བཀོད་བཀའ་ལན་ཐོབ་པའི་རྣམ་གྲངས་དང་པོར་གྱུར་བ་དང་དེས་གྲོང་ཁྱེར་དེའི་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ལེགས་སྐྱེས་ཆེན་པོ་འབུལ་ཐུབ་རྒྱུ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནག་ཆུའི་ཆུ་བེད་ལ་མ་དངུལ་གཏོང་ཚད་ལོ་རྒྱུས་ཀྱི་མང་ཤོས་སུ་སླེབས་པ།