གཞི་རིམ་དུ་རིམས་འགོག་ཤེས་བྱ་སྒྲོག་འགྲེལ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲ་རྒྱ་ཚགས་དམ་དུ་གཏོང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། བོད་ལྗོངས་ཀྱི་ས་གནས་ཁག་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་གྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་སོགས་ནང་དོན་གཙོ་བོར་བྱས་ནས། གཞི་རིམ་གྱི་སྒྲོག་འགྲེལ་སློབ་གསོར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་དྲང་ནུས་གཅིག་སྒྲིལ་བྱས་ཡོད།

ཉིན་ཤས་བསྟུད་མའི་རིང་། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་རིང་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་སྲིད་འཛིན་གྲོང་ཚོ་ཁག་གིས་རྒྱང་བསྒྲགས་དང་སྐད་འཕྲིན་སོགས་ཀྱི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྒྱང་བསྒྲགས་ནས་སྒྲོག་འགྲེལ་དང་། སྐད་འཕྲིན་ནས་སྒྲོག་འགྲེལ། དུད་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ་བཅས་ཀྱི་བྱེད་ཐབས་གསུམ་སྤྱད་དེ། སྒྲོག་འགྲེལ་གྱི་ནང་དོན་སྣ་ཚོགས་སྐད་དང་བརྙན་ལམ་དུ་ཕབ་ནས་དུས་ཚོད་གཏན་འཁེལ་བཞིན་རྒྱང་བསྒྲགས་དང་སྐད་འཕྲིན་བརྒྱུད་དྲིལ་བསྒྲགས་དང་བརྒྱུད་བསྐུར་བྱས་པ་རེད། དེ་དང་དུས་མཚུངས་རིམ་ཁག་སྒྲོག་འགྲེལ་པས་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་སློབ་གསོ་ཁྲིད་སྟོན་བྱས་ནས་མང་ཚོགས་ཚོས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་གསུང་སྒྲ་གོ་ཐུབ་པ་དང་། དམངས་ཕན་སྲིད་ཇུས་ཤེས་པ། སྔོན་འགོག་ཚོད་འཛིན་གྱི་ཤེས་བྱར་རྒྱུས་མངའ་ལོན་པ་བཅས་བྱས་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད། ལྷུན་རྩེ་རྫོང་གིས་མིག་སྔའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞི” དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་བཅས་ཀྱི་ནང་དོན་བཞི་མཉམ་འདྲེས་ཐུབ་པ་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་སྒྲོག་འགྲེལ་གཏིང་ཟབ་བྱས་པས། མང་ཚོགས་ཚོའི་འཕྲོད་བསྟེན་བདེ་ཐང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མང་ཚོགས་ཚོའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།

ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གིས་མང་ཚོགས་ཀྱི་དགོས་མཁོ་སྟོན་ཕྱོགས་སུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས“མི་སེར་གྱི་སློབ་ཁྲིད་ཆེན་པོ”བཙུགས་ནས། ད་ཆ་རྫོང་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)122ལ་ཁྱབ་ཡོད། ཤང(གྲོང་རྡལ)དང་གྲོང་ཚོའི(གྲོང་ལྷན)སྒྲོག་འགྲེལ་པས་སྐད་འཕྲིན་དང་རྒྱང་བསྒྲགས་ནས་དྲིལ་བསྒྲགས་དང་། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་སྒྲོག་འགྲེལ། དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་ཆ་སྤྲོད་པ་སོགས་ཀྱི་བྱེད་སྟངས་སྤྱད་ནས་ཏོག་གསར་གློ་ཚད་རིམས་ནད་འགོ་སྟངས་དང་སྔོན་འགོག་བྱེད་ཐབས་དྲིལ་བསྒྲགས་བྱས་ཏེ་རིམས་འགོག་ཤེས་བྱ་མང་ཚོགས་ཚོས་སྔར་བས་ཤེས་རྟོགས་ཐུབ་པ་དང“ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”གྱི་སྒྲོག་འགྲེལ་མང་ཚོགས་དང་འབྲེལ་འདྲིས་ཟབ་མོ་བྱུང་ཡོད།

སྒྲོག་འགྲེལ་བྱེད་རིང་། སྒྲོག་འགྲེལ་པས་དྲིལ་བསྒྲགས་བྱ་ཡུལ་གྱི་དགོས་མཁོ་དང་བསྟུན་ནས་སྒྲོག་འགྲེལ་བྱས་ཤིང་། མང་ཚོགས་མི་འདྲ་བའི་དངོས་ཡོད་དགོས་མཁོ་དང་བསམ་པའི་ཁྱད་ཆོས་གཞིར་བཟུང“ཁྱད་ལྡན་སློབ་ཚན”ཡག་པོ་ཁྲིད་པ་རེད། བུད་མེད་མང་ཚོགས་ལ་ཁྱིམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་དགོས་ངེས་རང་བཞིན་དང་དུག་སེལ་བྱེད་སྟངས་སྣ་ཚོགས་གཙོ་བོར་དྲིལ་བསྒྲགས་བྱས་པ་དང་། གྲྭ་བཙུན་ཚོར་འདུ་འཛོམས་ཉུང་ཙམ་བྱས་ནས་ཁྱིམ་དུ་དཔེ་ཆ་ཀློག་འདོན་བྱེད་དགོས་པའི་སློབ་གསོ་གཏོང་བ། སྒེར་གཉེར་ཚོང་དུད་ལ་བཟའ་བཅའི་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་གསལ་པོ་བཤད་ནས་བདེ་ཐང་དང་། བདེ་འཇགས། བརྟན་པོ་བཅས་ཀྱི་ཁྲོམ་རའི་ཁོར་ཡུག་ཅིག་སྐྲུན་དགོས་ལུགས་ཤོད་པ་ལ་སོགས་བྱས་ཡོད། “སློབ་ཁྲིད་ཆེན་པོར་མི་ཚོགས་མི་འདྲ་བར་གཞིགས་ནས་སློབ་ཚན་བཀོད་སྒྲིག་བྱས་འདུག་པས་ང་ཚོ་ཚང་མ་དགའ་པོ་བྱུང་། ཁྱད་ལྡན་སློབ་ཚན་རབ་དང་རིམ་པ་ང་ཚོའི་འཚོ་བ་དང་འབྲེལ་བ་ཟབ་མོ་འདུག་པས། ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་ངེས་ཀྱི་བྱེད་ཐབས་མང་པོ་ཤེས་བྱུང་། ང་ཚོས་སྦྱངས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་རྒྱུན་གཏན་གྱི་འཚོ་བའི་ནང་སྤྱད་ནས་བདེ་ཐང་གི་ཁྱིམ་གཞིས་མཉམ་དུ་བསྐྲུན་རྒྱུ་ཡིན”ཞེས་ཞིང་འབྲོག་མང་ཚོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།