བོད་ལྗོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལས་འགོ་བསྐྱར་ཚུགས་བྱེད་ཚད74.3%སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས25ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བརྒྱད་པའི་སྟེང་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ3པའི་ཚེས23ཉིན་བར་བོད་རང་སྐྱོང་ལྗོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས144ཡི་ནང་ལས་ཐོན་བསྐྱར་ཚུགས་བྱས་པའི་ཁེ་ལས107ཡོད་པ་དང་ལས་འགོ་བསྐྱར་ཚུགས་བྱེད་ཚད74.3%སླེབས་ཡོད་པ་དང་། བསྡོམས་པས་ལས་གནས་སུ་ཐོན་པའི་མི་གྲངས14474ཟིན་ཡོད། 

བོད་རང་སྐྱོང་ལྗོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ལས་ཐོན་བསྐྱར་ཚུགས་བྱས་པའི་ཁེ་ལས་ནང་ལྷ་ས་གྲོང་ཁྱེར་དུ་ལས་འགོ་བསྐྱར་ཚུགས་བྱེད་ཚད74.7%དང་། གཞིས་ཀ་རྩེ་གྲོང་ཁྱེར་དུ་ལས་འགོ་བསྐྱར་ཚུགས་བྱེད་ཚད71.4%། ལྷོ་ཁ་གྲོང་ཁྱེར་དུ་ལས་འགོ་བསྐྱར་ཚུགས་བྱེད་ཚད81.3%། ཆབ་མདོ་གྲོང་ཁྱེར་དུ་ལས་འགོ་བསྐྱར་ཚུགས་བྱེད་ཚད100%། ཉིང་ཁྲི་གྲོང་ཁྱེར་དུ་ལས་འགོ་བསྐྱར་ཚུགས་བྱེད་ཚད100%། མངའ་རིས་ས་ཁུལ་དུ་ལས་འགོ་བསྐྱར་ཚུགས་བྱེད་ཚད66.7%། ནག་ཆུ་གྲོང་ཁྱེར་དུ་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་ནས་ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་ཐུབ་མེད་པ་བཅས་རེད། གཞན་ཡང་གཉེར་སྐྱོང་ཚོང་པ་ཆེན་པོ་གསུམ་དང་བོད་ལྗོངས་ཀའོ་ཁྲེ་ཀུང་སི་སོགས་གཙོ་གནད་ཆ་འཕྲིན་ལག་རྩལ་ཁེ་ལས་ཚང་མ་རྒྱུན་གཏན་ལྟར་ཚོང་གཉེར་བྱས་པ་དང་ཁེ་ལས་ཀྱི་ལས་མི་ལས་གནས་སུ་ཕྱིར་ལོག་བྱེད་ཚད90%ཡན་ཟིན་པ་རེད། 

བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིན་གྱིས“ཁེ་ལས་རེར་སྲིད་ཇུས་རེའི”བྱེད་ཐབས་སྤྱད་དེ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ནུས་ཤུགས་ཡོད་རྒུས་རྡོ་སོལ་དང་། གློག སྣུམ། སྐྱེལ་འདྲེན་བཅས་ཀྱི་ཐད་དཀའ་ངལ་ཡོད་པའི་ཁེ་ལས་ཀྱི་འབྲེལ་ཡོད་གནད་དོན་ཐག་གཅོད་དང་། ཐོན་སྐྱེད་བྱེད་མཚམས་བཞག་མེད་པའི་ཁེ་ལས་ཀྱིས་ཤུགས་ཆེན་སྒོས་ཐོན་སྐྱེད་བྱ་རྒྱུར་སྐུལ་འདེད་གཏོང་བ། ཐོན་སྐྱེད་བྱེད་མཚམས་བཞག་པའི་ཁེ་ལས་ལ་གོ་རིམ་ལྡན་པའི་ངང་ལས་ཐོན་བསྐྱར་ཚུགས་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་ཆབས་ཅིག་ཏུ་ཁེ་ལས་ཀྱི་མ་དངུལ་བསྡུ་གསོག་དཀའ་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།