བོད་ལྗོངས་ཀྱི་གཙོ་གནད་ལས་གཞི་སྐོར་ཞིག་ཟླ3པའི་ཟླ་སྨད་དུ་འཛུགས་སྐྲུན་བྱེད་འགོ་རྩོམ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིམས་ནད་སྔོན་འགོག་ཚོད་འཛིན་གནས་ཚུལ་རིམ་བཞིན་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས། བོད་ལྗོངས་ཀྱིས་གཙོ་གནད་ལས་གཞི་སོ་སོ་བསྟུད་མར་ལས་ཐོན་བསྐྱར་ཚུགས་བྱུང་སྟེ། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱ་རྒྱུ་རེད།

གསར་འགོད་པས་བོད་ལྗོངས་ཆུ་བེད་ཐིན་ནས་རྒྱུས་ལོན་པ་ལྟར་ན། བསྡོམས་རྩིས་གཞི་གྲངས་ལས་ཟླ3པའི་ཚེས18ཉིན་བར་དུ། བོད་ལྗོངས་ཀྱི2020ལོའི་གསར་དུ་ལས་འགོ་རྩོམ་རྩིས་ཡོད་པའི་ཆུ་བེད་འཛུགས་སྐྲུན་རྣམ་གྲངས201ཡོད། དེའི་ཁྲོད་ཀྲུང་དབྱང་གི་སྔོན་རྩིས་ཁྲོད་ཀྱི་རྣམ་གྲངས18ཡོད་པ་དང་། ཀྲུང་དབྱང་ཆུ་བེད་འཕེལ་རྒྱས་མ་དངུལ་གྱི་རྣམ་གྲངས148ཡོད། རང་སྐྱོང་ལྗོངས་ནོར་སྲིད་མ་དངུལ་གྱི་རྣམ་གྲངས35དབྱེ་ཡོད། གནམ་གཤིས་ཆ་རྐྱེན་དང་ལས་གཞི་འཛུགས་སྐྲུན་གྱི་དགོས་མཁོ་ལྟར། བོད་ལྗོངས་ཀྱི་ཆེ་བེད་རྣམ་གྲངས་ཟླ3པའི་ཟླ་སྨད་དུ་རིམ་བཞིན་འཛུགས་སྐྲུན་བྱེད་འགོ་རྩོམ་རྒྱུ་རེད།

བོད་ལྗོངས་ལ་ལྷོ་ཆུ་བེད་ལྟེ་གནས་དང་ཞིང་ཆུ་འདྲེན་ཁུལ་དོ་དམ་ཅུའུ་ཡིས2020ལོར་ཕྱོགས་ཡོངས་ནས་མཇུག་བསྡུ་བའི་དམིགས་འབེན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱ་ཆེད། ལས་གཞིའི་ཚོད་འཛིན་རང་བཞིན་གྱི་ལས་ཡུན་རྣམ་གྲངས2019ལོའི་དགུན་དུས་ལས་མཚམས་བཞག་མེད་པ་རེད། ལམ་དུམ་སྐོར་ཞིག་གི་མཇུག་བསྡུ་བ་དང་ཐར་ཐོར་རྣམ་གྲངས་ལྷག་མ་དག་འཆར་གཞི་ལྟར་ན་ཟླ3པའི་ཟླ་མཇུག་ནས་ཟླ4པའི་ཟླ་འགོར་སྔ་གཞུག་ཏུ་ལས་འགོ་བསྐྱར་ཚུགས་བྱ་རྒྱུ་དང་། ཟླ3པའི་ཚེས4ཉིན་བར་དུ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར44.05བཏང་ཡོད་པ་རེད། 

གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་ཞིང་ལས་ཞིང་སྡེ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། དཔྱིད་འགོ་ཚུགས་པ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་གྱི་ཚད་གཞི་མཐོ་བའི་ཞིང་ཁའི་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་བསྐྱར་ཚུགས་བྱས་པ་དང་། ཟླ3པའི་ཟླ་དཀྱིལ་བར་རྫོང(ཆུས)6དུ་ལས་འགོ་བསྐྱར་ཚུགས་བྱས་པ་དང་། རྫོང་ལྷག་མ3ཟླ3པའི་ཟླ་མཇུག་ཏུ་ལས་འགོ་བསྐྱར་ཚུགས་ཐུབ་རྒྱུ་དང་ལས་འགོ་བསྐྱར་ཚུགས་བྱེད་ཚད67%ལ་སླེབས་ཡོད་པ་རེད།  

མིག་སྔར་གྲོང་ཁྱེར་འདིའི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་རྣམ་གྲངས་ལ་ས་ཞིང་མུའུ་ཁྲི2.84ཁོད་སྙོམས་སུ་བཏང་བ་དང་། ས་ཞིང་མུའུ་ཁྲི5.8ཡི་ས་རྒྱུ་ལེགས་བཅོས་དང་ཞིང་ལུད་བཞག་པ་རེད། ལྷོ་ཁ་གྲོང་ཁྱེར་ཞིང་ལས་ཞིང་སྡེ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་པ་སངས་སྒྲོལ་དཀར་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་རྗེས་ཞིང་ཆུ་འདྲེན་པའི་གཞི་ཁྱོན་མུའུ་ཁྲི0.44གསར་སྣོན་བྱས་པ་དང་། ཞིང་ཆུ་འདྲེན་པའི་གཞི་ཁྱོན་མུའུ་ཁྲི2.39ལེགས་བཅོས་བྱས་ཡོད། ཞིང་ཁའི་ནགས་དྲ་འགོག་སྲུང་རྒྱ་ཁྱོན་མུའུ་ཁྲི2.39གསར་སྣོན་བྱས་པ་དང་། འཕྲུལ་རྨོ་རྒྱ་ཁྱོན་མུའུ་ཁྲི1.085ཇེ་མང་དུ་བཏང་ཡོད། སོན་བཟང་འདེབས་འཛུགས་་གཞི་ཁྱོན་མུའུ་ཁྲི5.8ཇེ་ཆེ་རུ་བཏང་ཡོད་པ་རེད། སྔོན་དཔག་བྱས་པ་ལྟར་ན་ད་ལོར་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་སྤྱི་རྒྱ་ཁྲི200.15ཡས་མས་དང་སྣུམ་རྒྱུ་སྤྱི་རྒྱ་ཁྲི28.20ཡས་མས་འཕར་སྣོན་བྱུང་རྒྱུ་རེད། རྣམ་གྲངས་ཁུལ་གྱི་གསར་སྣོན་འདེབས་འཛུགས་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་པས་སྒོར་ཁྲི1189ལ་སླེབས་རྒྱུ་དང་། རྣམ་གྲངས་ཁུལ་གྱི་ཞིང་ཁྱིམ9057དང་མི་གྲངས33725ལ་ཐད་ཀར་དུ་ཕན་ཐོགས་ཡོད་ཟེར། 

གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར་ཆབ་མདོ་གྲོང་ཁྱེར་གྱི“རིག་ལྡན་ཆབ་མདོ”ཡི་རྣམ་གྲངས་མང་ཆེ་བ་ལས་འགོ་བསྐྱར་ཚུགས་སྔོན་གྱི་གྲ་སྒྲིག་དུས་རིམ་དུ་གནས་ཡོད་པ་དང་། ཟླ3པའི་ཟླ་མཇུག་ཏུ་ལས་འགོ་བསྐྱར་ཚུགས་མངོན་འགྱུར་བྱ་རྩིས་ཡོད།

“རིག་ལྡན་ཆབ་མདོ”འཛུགས་སྐྲུན་གྱི་རྨང་གཞི་དང་སྲོག་ཤིང་ཡིན་པའི་ཆ་ནས། རིག་ལྡན་ཆབ་མདོ་སྦྲིན་རྩིས་གཞི་གྲངས་ཆེན་པོའི་ལྟེ་གནས་ཀྱི་རྣམ་གྲངས་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2.75ལྷག་བཏང་ཡོད་པ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།