ལྷོ་ཁ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ལས་གནས་གསར་སྤེལ་བྱས་ཏེ་ལས་ཞུགས་གནས་བབ་བརྟན་རླིང་ཡོང་བར་རྒྱུན་འཁྱོངས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ། ལྷོ་ཁ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱིི་ཚོགས་འགན་སྲུང་ཅུའུ་ཡིས་ལས་ཞུགས་བརྟན་རླིང་དེ་བྱ་བ་གཙོ་བོ་རུ་བརྩིས་ཏེ། བྱེད་ཐབས་མང་པོ་སྤྱད་དེ་ལས་ཞུགས་གནས་བབ་བརྟན་རླིང་ཡོང་བར་རྒྱུན་འཁྱོངས་བྱས་པ་རེད།

ལས་གནས་གསར་སྤེལ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱབ་པ། ལྷོ་ཁ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱིི་ཚོགས་འགན་སྲུང་ཅུའུ་ཡིས་རོང་འབྲོག་པའི་རྩོལ་ནུས་ལྷག་མ་དང་མཐོ་སློབ་མཐར་ཕྱིན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་མངོན་འགྱུར་བྱེད་པ་དེ་དམིགས་འབེན་གཙོ་བོར་བརྩིས་ཏེ། ཁ་པར་དང་སྐད་འཕྲིན། དྲ་རྒྱ་སོགས་ཀྱི་བྱ་ཐབས་སྤྱད་དེ་རྣམ་གྲངས་འཛུགས་སྐྲུན་དང་། ཞིང་ཕྱུགས་ལས་འཕེལ་རྒྱས། ཞབས་ཞུའི་ལས་རིགས་སོགས་ཀྱི་གསར་སྤེལ་རྣམ་གྲངས་གཙོ་གནད་དུ་བཟུང་སྟེ་ལས་གནས་གསར་སྤེལ་ལ་ཤུགས་སྣོན་བརྒྱབ་པ་རེད། མིག་སྔའི་བར་ཁེ་ལས352ཀྱིས་དྲ་ཐོག་ནས་གདན་ཞུའི་ལས་གནས་8765གསར་སྤེལ་བྱས། དེའི་ཁྲོད་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གནས་དེ་ཁེ་ལས48དང་འབྲེལ་བ་ཡོད་པ་དང་། ལས་བསྡུའི་ལས་གནས447འདོན་སྤྲོད་བྱས་ཡོད། རོང་འབྲོག་པའི་ལས་ཞུགས་ལས་གནས་ཁེ་ལས304དང་འབྲེལ་བ་ཡོད་པ་དང་། ལས་བསྡུའི་ལས་གནས8318འདོན་སྤྲོད་བྱས་ཡོད། 

གཞི་ཁྱོན་ལྡན་པའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱ་བར་ཤུགས་བསྣན་པ། གྲོང་ཁྱེར་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་གནས་ཚུལ་དང་གཞི་ཁྱོན་ཅན་གྱི་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཏེ་གཅིག་སྡུད་ལས་ཞུགས་དང་། འབོར་ཆེན་ལས་ཞུགས་ལ་སྐུལ་འདེད་བཏང་། དྲ་ཐོག་ཞབས་ཞུ་བྱ་བར་ཤུགས་བསྣན་པ། བོད་ལྗོངས་ཀྱི་སྤྱི་བའི་ལས་ཞུགས་གདན་ཞུ་དྲ་བའི་དོ་དམ་ཇེ་དྲག་ཏུ་བཏང་ནས། གྲོང་ཁྱེར་དང་རྫོང་གི་ཆེད་བསྐོས་གཉེར་སྐྱོང་དོ་དམ་མི་སྣ13གཏན་ཁེལ་བྱས། ལས་མི་བཀོལ་སྤྱོད་ཁེ་ལས་དང་། མཐོ་སློབ་མཐར་ཕྱིན་སློབ་མ། རོང་འབྲོག་པའི་དྲ་ཐོག་ཐོ་འགོད། དྲ་ཐོག་གདན་ཞུ། དྲ་ཐོག་ངོ་རྒྱུགས་བཅས་ལ་སྐུལ་སློང་དང་མཛུབ་ཁྲིད་ཧུར་ཐག་བྱས། མིག་སྔའི་བར་ཁེ་ལས15ཐོ་འགོད་བྱས་པ་དང་ནུས་ལྡན་ལས་གནས100ཁྱབ་བསྒྲགས་བྱས། རྩོལ་ནུས་མངགས་གཏོང་ཀུང་སི་དང་། ལས་རིགས་ངོ་སྤྲོད་ལྟེ་གནས། མི་ཤུགས་ཐོན་ཁུངས་དོ་དམ་ཞབས་ཞུ་ཀུང་སི་སོགས་ཀྱིས་བསྡུ་རུབ་བྱས་པའི་ལས་ཞུགས་ལས་གནས་དུས་ཐོག་ཏུ་ལེགས་སྒྲིག་དང་སྤྱི་བསྡོམས་བྱས་པ་དང་། ལྷོ་ཁ་གྲོང་ཁྱེར་གྱི་མའེ་ཁྲེང་གདན་ཞུའི་དྲ་རྒྱའི་ལས་སྟེགས་བརྒྱུད་དེ་ཁྱབ་བསྒྲགས་བྱས་ཤིང་། མིག་སྔའི་བར་དུ་མི་སྤྱོད་སྡེ་ཚན163གྱི་ནུས་ལྡན་ལས་གནས1688ཁྱབ་བསྒྲགས་བྱས་པ་དང་། མི་སྒེར་གྱི་ལོ་རྒྱུས་མདོར་བསྡུས25བསྡུ་ལེན་བྱས་ལ། མི10ལས་འཚོལ་ལེགས་འགྲུབ་བྱུང་བ་རེད། དགོས་མཁོ་དང་ཟུང་འབྲེལ་བྱས་ནས་གསོ་སྦྱོང་འཆར་གཞི་བཟོས་པ། མཐོ་སློབ་མཐར་ཕྱིན་སློབ་མའི་གནས་ཚུལ་དང་རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་སྤོ་སྒྱུར་གྱི་དགོས་མཁོ་ལྟར། ད་ལོ་གསོ་སྦྱོང་འཛིན་གྲྭ་ཐེངས267བཀོད་སྒྲིག་བྱས་པ་དེ་རིགས་སོ་སོའི་ངལ་རྩོལ་ནུས་ཤུགས12868དང་འབྲེལ་བ་ཡོད་པ་རེད། མིག་སྔར་གསོ་སྦྱོང་འཛིན་གྲྭ་ཐེངས2ལ་སློབ་འགོ་ཚུགས་པ་དང་། གསོ་སྦྱོང་བྱེད་བཞིན་པའི་སློབ་མ70ཡོད་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།