བོད་ལྗོངས་ཀྱིས་གློག་དྲ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་།

138914570_15851004865261n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར74བཏང་པའི་མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གཞི་ནི2019ལོའི་ཟླ9པར་འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་། དེ་ནི་ད་ལྟའི་བར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གློག་སྐྱེལ་གློག་སྒྱུར་ལས་གཞི་ཞིག་རེད། ལས་གཞི་དེ་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྡོ་གླིང་གི་ཆན་ཕུའུ220ཡི་གློག་སྒྱུར་ས་ཚིགས་ནས་འགོ་ཚུགས་པ་དང་མངའ་རིས་ས་ཁུལ་སྒར་རྫོང་གི་ཆན་ཕུའུ220ཡི་གློག་སྒྱུར་ས་ཚིགས་བར་རེད།   བོད་ལྗོངས་ཀྱི་རྫོང(ཆུས)10ལས་བརྒལ་བ་དང་ལས་གཞིའི་གློག་འདྲེན་སྐུད་ལམ་གྱི་རིང་ཚད་སྤྱི་ལེ1689ཟིན་པ་དང་། 2021ལོར་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པའི་འཆར་གཞི་ཡོད་པ་རེད།

138914570_15851004865731n.jpg

མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གཞི་ནི་བོད་ལྗོངས་ཀྱི་གཅིག་གྱུར་གློག་དྲ་འཛུགས་སྐྲུན་གྱི“མཐའ་མའི་སྤྱི་ལེ་གཅིག”གི་གནད་འགག་རང་བཞིན་གྱི་ལས་གཞི་ཞིག་ཡིན་པས“འཛམ་གླིང་ཡང་རྩེའི”ཐོག་གི“གློག་ཤུགས་མཁའ་ལམ”ཞེས་བརྗོད་ཀྱི་ཡོད། “ལོ་ལྔའི་ཚན་བཅུ་གསུམ་པ” ནས་བཟུང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ཐག་རིང་ས་ཁུལ་གྱི་ཁེར་རྐྱང་གློག་ཤུགས་འཁོར་སྐྱོད་གནད་དོན་ཐག་གཅོད་བྱ་རྒྱུར་སྔར་བས་མཐོང་ཆེན་བྱས་ནས་གློག་ཤུགས་ཁེ་ལས་དང་བོད་ལྗོངས་ཀྱི་སྲིད་གཞུང་སྡེ་ཁག་གིས་མཉམ་འབྲེལ་བྱས་ཏེ་རང་བྱུང་ཁོར་ཡུག་ཅུང་ཞན་པའི་མངའ་རིས་ས་ཁུལ་དང་ནག་ཆུ་གྲོང་ཁྱེར་དུ་གློག་ཤུགས་ཀྱི“མཁའ་ལམ”འཛུགས་སྐྲུན་ཤུགས་ཆེན་བྱས་ཡོད། 

138914570_15851004866351n.jpg

ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་བོད་ལྗོངས་ཀྱིས“ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་བྱ་རྒྱུ་དང་། མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གཞི་འཛུགས་སྐྲུན་སོགས་ཀྱི་གཙོ་གནད་ལས་འགན་དུས་བཅད་ལྟར་ལེགས་སྒྲུབ་བྱ་རྒྱུ་ཡིན་ཞིང་། ལོ་འདིའི་ནང་བོད་ལྗོངས་ཀྱི་གློག་དྲ་གཙོ་བོ་ལྗོངས་ཡོངས་ཀྱི་རྫོང(ཆུས)74དང་ཤང་དང་གྲོང་རྡལ་གཙོ་བོར་ཁྱབ་ནས་གློག་མཁོ་འདོན་མི་འབོར་ལྗོངས་ཡོངས་ཀྱི97%ཟིན་རྒྱུ་རེད། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།