ལས་ཞུགས་ཐབས་ལམ་ཡངས་པོར་བཏོད། ཞི་མཐུན་ས་མཐོའི་རྣམ་པ་མཛེས།

——2019ལོའི་ལྷ་ས་གྲོང་ཁྱེར་གྱི་ལས་ཞུགས་ལས་གཏོད་སྐོར་བཀོད་པ།

ལས་ཀའི་བྱ་ཐབས་གསར་གཏོད་ཀྱིས་ཞབས་ཞུ་འབྲེལ་མཐུད་གནད་སྨིན་བྱས།

མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་ཆེད། ལོ་མང་རིང་ལྷ་ས་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་། སྲིད་ཇུས་དེ་དག་ཕན་ཐོགས་ཆེ་ཞིང་རོགས་སྐྱོར་བྱེད་ཤུགས་ཧ་ཅང་ཆེན་པོ་ཡོད་པ་རེད། གྲངས་གཞི་ལས་མངོན་དོན། 2019ལོར་ལྷ་ས་གྲོང་ཁྱེར་དུ་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་4611ཡོད་པ་དང་། མིག་སྔའི་བར། སློབ་མ་4575ལས་ཞུགས་ཐུབ་པས། ལས་ཞུགས་ཐུབ་ཚད་99.22%ཟིན་ཡོད། དེའི་ཁྲོད་གཞུང་གི་ལས་གནས་ལ་སློབ་མ་1155ལས་ཞུགས་ཐུབ་པ་དང་ཁྲོམ་རར་སློབ་མ་3420(ལས་གཏོད་བྱེད་མཁན་31)ལས་ཞུགས་ཐུབ་སྟེ། ཁྲོམ་རར་ལས་ཞུགས་ཐུབ་པའི་མི་གྲངས་ཀྱིས་ལས་ཞུགས་མི་འབོར་གྱི་75.2%བཟུང་ཡོད།

མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་དམིགས་ཏེ། ལྷ་ས་གྲོང་ཁྱེར་གྱིས་ལས་ཞུགས་མ་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མའི་ཤེས་ལྡན་པའི་ཆ་འཕྲིན་མཛོད་དང་ཁེ་ལས་ལ་ཤེས་ལྡན་པ་མཁོ་བའི་ཆ་འཕྲིན་མཛོད་བཙུགས་པ་དང་མཐོ་སློབ་སློབ་ཐོན་སློབ་མར་འཚམ་པའི་ལས་གནས་7300ལྷག་ཙམ་གསར་སྤེལ་བྱས་ཡོད། “ཕྲན་ཚེགས་ཁེ་ལས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་པའི་ལས་ཞུགས་ཞབས་ཞུའི་ལས་སྟེགས”བཙུགས་པ་དང་། 2019ལོར་མཐོ་སློབ་སློབ་ཐོན་སློབ་མའི་ལས་མི་བསྡུ་བའི་འདུ་ཚོགས་སྣ་ཚོགས་ཐེངས་40གཉེར་བ། མཐོ་སློབ་སློབ་ཐོན་སློབ་མ་མི་ཐེངས་607ལས་ཞུགས་དངོས་སྦྱོང་ལས་གནས་བརྒྱུད་ལས་ཞུགས་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་ལས་ཞུགས་ལས་དོན་ལ་ཞབས་འདེགས་ཞུ་བའི་ལྟེ་བའི་གྲོང་ཁྱེར་གྱི་གནས་རིམ་དང་པོའི་ནུས་པ་བཏོན་ཡོད།

དེ་དང་ཆབས་ཅིག ལས་མི་བསྡུ་བའི་འདུ་ཚོགས་དང་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་མཁོ་འདོན་སོགས་ཀྱི་བྱེད་སྟངས་བརྒྱུད་གྲོང་ཁྱེར་དང་ས་ཁུལ་གཞན་དག་གི་མཐོ་སློབ་སློབ་ཐོན་སློབ་མ་661ལས་ཞུགས་ཐུབ་པར་སྐུལ་འདེད་བཏང་བ་རེད། 2020ལོར་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས་9528གསར་སྤེལ་བྱས་པའི་ཁྲོད་ཁེ་ལས་ཀྱི་ལས་གནས་8517དང་། གཞི་རིམ་གྱི་ལས་གནས་604 ལས་ཞུགས་བོད་སྐྱོར་གྱི་ལས་གནས་407བཅས་ཚུད་ཡོད། ཁེ་ལས་ཀྱི་ལས་གནས་གཏན་འཁེལ་གྱི་གསོ་སྦྱོང་བྱས་ཏེ་ཁེ་ལས་ལ་ཤེས་ལྡན་པ་མཁོ་བར་དམིགས་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་གནད་སྨིན་བྱས་པས། གསོ་སྦྱོང་བྱས་རྗེས་ལས་ཞུགས་ཐུབ་ཚད་93%ཡན་ཟིན་ཡོད།

སྲིད་ཇུས་དྲིལ་བསྒྲགས་བྱས་ནས་ལྗོངས་ཕྱིར་ལས་ཞུགས་བྱེད་པར་ཁྲིད་སྟོན་བྱས།

ལས་ཞུགས་ཐབས་ལམ་ཡངས་སུ་བཏང་ནས་ལས་ཞུགས་གོ་སྐབས་གསར་གཏོད་བྱ་ཆེད། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་པེ་ཅིང་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན་དང་ལས་ཞུགས་བོད་སྐྱོར་གྱི་ལས་དོན་ཐད་འབྲེལ་མཐུད་མཐུན་སྦྱོར་བྱས་ཤིང་། ཅང་སུའུ་ཞིང་ཆེན་གྱིས་མཁོ་འདོན་བྱས་པའི་བྱ་གཞག་ཚན་པ་དང་གཞུང་ཁོངས་ཁེ་ལས་ཀྱི་ལས་གནས་112ལ་དངོས་སུ་མི་105བསྡུས་པས། ཐེངས་གཅིག་ལ་མི་100ལྷག་ཙམ་བསྡུས་པའི་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། པེ་ཅིང་གྲོང་ཁྱེར་གྱིས་མཁོ་འདོན་བྱས་པའི་2020ལོའི་ལས་ཞུགས་བོད་སྐྱོར་གྱི་ལས་གནས་ཁྲོད་བྱ་གཞག་ཚན་པའི་ལས་གནས་207དང་གཞུང་ཁོངས་ཁེ་ལས་ཀྱི་ལས་གནས་200ཡོད་པས། སྤྱིར་ན་ཚང་མས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་གྱིས་དྲིལ་བསྒྲགས་དཔྱད་གཞི་སྣ་ཚོགས་ཁྲི་5ལྷག་ཙམ་བཀྲམ་པ་དང་། སྲིད་ཇུས་དང་ལས་གནས་ཀྱི་ཆ་འཕྲིན་ཁྲི་30ལྷག་ཙམ་བཏང་བ། སྲིད་ཇུས་སྒྲོག་འགྲེལ་དང་གསོ་སྦྱོང་ཐེངས་156གཉེར་བས། མང་ཚོགས་མི་ཐེངས་ཁྲི་1.31ལྷག་ཙམ་ལ་ཕན་པ་ཐོབ་ཡོད། དེའི་རྨང་གཞིའི་ཐོག་གྲོང་ཁྱེར་ཡོངས་སུ་ཆ་སྒྲིག་རོགས་སྐྱོར་ནང་ཞུགས་མཁན་ཏང་ཡོན་དང་ལས་བྱེད་པ་1592ཟིན་པ་དང་མཐོ་སློབ་སློབ་ཐོན་སློབ་མ་4738དང་ཆ་སྒྲིག་རོགས་སྐྱོར་བྱས་ཡོད། དེའི་ཁྲོད་ས་ཁུལ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་38ཀྱིས་མི་114དང་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་232ཀྱིས་མི་1419དང་ཆ་སྒྲིག་རོགས་སྐྱོར་བྱས་པ། ཁོའོ་རིམ་པ་མན་གྱི་ལས་བྱེད་པ་1322ཀྱིས་མི་3205དང་ཆ་སྒྲིག་རོགས་སྐྱོར་བྱས་ཡོད།

སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྲིད་ཇུས་ཀྱི་ཁེ་ཕན་ཐོན་པར་བྱས་ཡོད། ལྷ་ས་གྲོང་ཁྱེར་གྱི་ནོར་སྲིད་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་954ལ་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་སྒོར་ཁྲི་3258སྔོན་ལ་སྤྲད་པའི་ནང་། མི་686ལ་ཁྲོམ་རའི་ལས་ཞུགས་ཀྱི་ཁ་གསབ་སྒོར་ཁྲི་1972དང་མི་268ལ་རང་བརྟེན་ལས་གཏོད་ཀྱི་ཁ་གསབ་སྒོར་ཁྲི་1286སྤྲད་པ་དང་། ཐེམ་ཁུངས་ལྷ་ས་ནས་ཡིན་པའི་ལས་གཏོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་44ལ་ལས་གཏོད་ལེགས་གྲུབ་བྱུང་བའི་བྱ་དགའ་སྒོར་ཁྲི་40.4སྤྲད་པ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དངོས་སྦྱོང་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་ཁ་གསབ་སྒོར་ཁྲི་257.53སྤྲད་པ། མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་པ་5ལ་ལས་གཏོད་ཀྱི་ཁག་ཐེག་དངུལ་བུན་སྒོར་ཁྲི་150བཏང་བ་རེད།

ལས་སྟེགས་བསྐྲུན་ནས“གཉིས་གཏོད”ཀྱི་སྤུས་རྟགས་བཏོད།

ཀུན་གཏོད་བར་མཐོངས་དང་གསར་གཏོད་རྣམ་པའི་གསོ་སྦྱོང་ལས་རིགས་ཀྱི་དུས་བབ་གསར་པ་དང་འཚམ་པར་བྱེད་ཆེད། ལྷ་ས་གྲོང་ཁྱེར་གྱིས་གཞི་རྟེན་ཧུར་ཐག་བཏོད་དེ་ཀུན་གཏོད་མ་ལག་བཙུགས་ཤིང་། གྲོང་ཁྱེར་ཡོངས་སུ་ཀུན་གཏོད་བར་མཐོངས་48བསྐྲུན་པའི་ནང་། རྒྱལ་ཁབ་རིམ་པའི་ཀུན་གཏོད་བར་མཐོངས་2དང་རང་སྐྱོང་ལྗོངས་རིམ་པའི་ཀུན་གཏོད་བར་མཐོངས་10ཚུད་ཡོད། རིགས་ཁག་གི་གཞི་རྟེན་བཅའ་སྡོད་ཁེ་ལས་3775ཡི་ནང་། སློབ་ཆེན་སློབ་མའི་ལས་གཏོད་ཁེ་ལས་313(ལྷ་སའི་ལས་གཏོད་ཁེ་ལས་110)གྱིས་མི་13643(ཐེམ་ཁུངས་ལྷ་ས་ནས་ཡིན་པ་1426ཚུད་པ)ལས་ཞུཌ་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་རེད།

“ནུས་ཤུགས་ཡོད་རྒུས་ཁྲིད་སྟོན་དང་། སྤུས་རྟགས་གཏོད་པ། ཁོར་ཡུག་ཡག་པོ་སྐྲུན་པ”བཅས་ཀྱི་ལས་དོན་གྱི་དམིགས་ཚད་ལ་གཞིགས་ཏེ། ལྷ་ས་གྲོང་ཁྱེར་གྱིས“ཕུགས་འདུན་དོན་གཉེར་གྱིས་ལྷ་ས་སྐྲུན་པའི”གྲོང་ཁྱེར་གྱི་སྤུས་རྟགས་ནུས་ལྡན་བཏོད་དེ། “གཉིས་གཏོད”ཀྱི་བྱེད་སྒོའི་གཟའ་འཁོར་དང“གཉིས་གཏོད”ཀྱི་དགའ་ནེའུ་དུས་ཆེན་སོགས“གཉིས་གཏོད”ཀྱི་སྤུས་རྟགས་བྱེད་སྒོ་སྤེལ་ཡོད། གྲོང་ཁྱེར་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་པ་480ཟིན་ནས་མི་2549(མཐོ་སློབ་སློབ་ཐོན་སློབ་མ་1398ཚུད་པ)ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།