བོད་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རིམས་ནད་འགོག་རྒོལ་གྱི་མཁར་རྫོང་བརྟན་པོ་བསྐྲུན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་གསར་གློ་ཚད་རིམས་ནད་ལ་སྔོན་འགོག་ཚོད་འཛིན་བྱེད་པའི་འཐབ་རྩོད་ཁྲོད། བོད་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་འཐབ་ས་དང་པོར་དཔའ་ངར་ཆེན་པོས་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་རིམས་ནད་སྔོན་འགོག་ཚོད་འཛིན་མི་སྣ་དང་མཉམ་དུ་དཀའ་ཉེན་ལ་མི་སྐྲག་པ་དང་གདོང་མཆོང་བྱེད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་རིམས་ནད་འགོག་རྒོལ་གྱི་མཁར་རྫོང་བརྟན་པོ་བསྐྲུན་ནས་ཡིག་རྒྱུགས་ཆེ་མོ་དེའི་ཁྲོད་ཕུལ་བྱུང་གི་རྒྱུགས་ལན་ཞིག་འབུལ་ཐུབ་པའི་བརྩོན་ལེན་བྱས་པ་རེད།

བསམ་གྲུབ་རྩེ་ཆུས་ཀྱི་ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བས།ལང་ཚོའི་གསོན་ཤུགས་དང་སྟོབས་ཤུགས་མངོན་པར་བྱས་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་རྒྱལ་སའི་ལྕགས་དང་ངར་ལྕགས་བཟོ་གྲྭའི་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་པའི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་འཕྲིན་ལན་སྤྲིངས་པ་གོ་ཐོས་བྱུང་རྗེས། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བས་བྱ་སྤྱོད་དངོས་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཟབ་མོ་བློ་ལ་འཆང་བ་དང་ཐུགས་རེ་འགྲུབ་བཞིན་ཡོད་ཅིང་། ཉིན་གཅིག་གི་དུས་ཚོད་ནང་། བསམ་གྲུབ་རྩེ་ཆུས་ཀྱི་ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བ་103གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཞུགས་རྒྱུའི་རེ་བ་ཞུས་པ་རེད།

ཟླ་3ཚེས་5ཉིན་ནི་ལེ་ཧྥུང་ལ་སློབ་སྦྱོང་གི་དྲན་གསོའི་ཉིན་མོ་ཡིན་ཞིང་། ཞོགས་པ་སྔ་པོར། ནུབ་བྱང་དགེ་འོས་སློབ་ཆེན་དུ་རྒྱ་ཡིག་རྩོམ་རིག་ཆེད་ལས་སྦྱོང་བཞིན་པའི་ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བ་མིག་དམར་བཀྲ་ཤིས་སྔ་ས་ནས་ཧྥུའུ་པའེ་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་བསྐྱོད་ནས་དང་བླངས་ཞབས་ཞུའི་ལས་དོན་སྤེལ་རྒྱུའི་གྲ་སྒྲིག་བྱས་པ་རེད།

“ད་ལྟའི་དུས་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་ཡིན་པས། ཕྱིར་ཉུང་ཙམ་སྐྱོད་པ་དང་། ལག་པ་ཡང་སེ་འཁྲུད་དགོས་པ་དང་། ཕྱིར་སྐྱོད་སྐབས་ཡིན་ཅིག་ཁ་རས་ཡག་པོ་རྒྱག་དགོས”ཞེས་མིག་དམར་བཀྲ་ཤིས་ཀྱིས་མང་ཚོགས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་ཐེངས་མང་བྱས་པ་རེད།

སྔ་དྲོའི་ཆུ་ཚོད་11ཙམ་ལ། དྲིལ་བསྒྲགས་ལས་འགན་ལེགས་གྲུབ་ཟིན་པ་དང་། དེ་རྗེས་མིག་དམར་བཀྲ་ཤིས་དང་སློབ་གྲྭ་ཆེ་མོ་བའི་དང་བླངས་པ་3གྱིས་སླར་ཡང་ཉེན་རྟོག་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་དང་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་གི་རུ་མི་དང་མཉམ་དུ་སྔོན་འགོག་ཚོད་འཛིན་གྱི་སྐོར་གཡེང་ལས་དོན་སྤེལ་བར་བསྐྱོད།

བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སིས། དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་ཀྱིས་ཐོན་སྐྱེད་འགན་ལེན་བྱས་པ།

ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་རྩོད་འདིའི་ནང་བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སིས། ལས་མི་མང་པོ་ནང་སར་ལོ་གསར་གཏོང་བར་བསྐྱོད་ནས་དུས་ཐོག་ཏུ་ལས་གནས་སུ་ལོག་མི་ཐུབ་པ་དང་ལས་གནས་མང་པོར་ལས་མི་དཀོན་པའི་གནས་ཚུལ་འོག མི་རིགས་ཁག་གི་ལས་བཟོས་དཔའ་ངར་དང་བཅས་གདོང་མཆོང་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ཧུར་ཐག་བསྒྲུབས་པ་དང་། ཀུང་སིའི་གོང་འོག་དང་དཀའ་སྡུག་མཉམ་མྱོང་དང་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་ཀྱིས་ཐོན་སྐྱེད་འགན་ལེན་བྱས་པ་རེད།

རིམས་ནད་ཐོན་ཚུན། ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་གཞིར་བཟུང་། ཀུང་སིས་ལས་མི་8ལས་གྲུབ་པའི་ལས་སྒྲུབ་ཚོགས་ཆུང་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་སློང་མདའ་གྲོང་ཚོའི་ཞིབ་བཤེར་ས་ཚིགས་སུ་མངགས་ནས། རྒྱ་མ་ཤང་སྲིད་གཞུང་ལ་གཞོགས་འདེགས་བྱས་ཏེ་ཀུང་སི་དང་ཨར་ལས་ཚན་པའི་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་དང་འགྲུལ་པར་ཞིབ་བཤེར་བྱས་ཏེ། རྒྱ་མ་ཤང་གི་མང་ཚོགས་4000དང་། ཀུང་སི་དང་ཨར་ལས་ཚན་པའི་ལས་ཐོག་ལས་བྱེད་པ་དང་ལས་བཟོ་2000ལྷག་ཙམ་བཅའ་སྡོད་བྱ་ཡུལ་དུ་སྐྱོད་པའི་རྒྱལ་སྒོ་དང་པོ་དེ་ཡག་པོ་བསྲུངས་ཡོད་པ་རེད།

འཐབ་ས་དང་པོར་ལས་གནས་བརྟན་སྲུང་བྱེད་བཞིན་པའི་ཧྭ་ཐའེ་ལུང་ཀུང་སིའི་ལས་བྱེད་པ་དང་ལས་བཟོའི་ཁྲོད་རྒྱ་རིགས་དང་བོད་རིགས་ཡོད་ལ། མི་རིགས་གཞན་དག་ཀྱང་ཡོད་ཅིང་། ཁོང་ཚོས་ཇི་ཙམ་འགག་རྩའི་དུས་སུ་སླེབས་ན་དེ་ཙམ་གྱིས་མཐུན་སྒྲིལ་བྱས་ཏེ་ཚང་མས་རང་ཉིད་ཀྱི་ལས་གནས་བརྟན་སྲུང་བྱས་པ་དང་། ཀུང་སི་དང་ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་རིམས་ནད་འགོག་རྒོལ་དང་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས་རིམས་ནད་འགོག་རྒོལ་དང་ཐོན་སྐྱེད་འགན་ལེན་བྱེད་པའི་འགོག་རྒོལ་དམག་འཐབ་ཁྲོད། མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད་པ་རེད།

མེ་ཏོག་རྫོང་འབྲུག་གྲོང་ཚོས། ལས་བྱེད་པ་དང་མང་ཚོགས་སེམས་ནུས་གཅིག་སྒྲིལ་གྱིས་རིམས་འགོག་བྱས་པ།

ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་སྟག་མོ་ལྷོ་པ་མི་རིགས་ཤང་འབྲུག་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞའོ་ཏུང་གིས་སེམས་ནུས་ཡོད་རྒུ་གྲོང་ཚོ་དེ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་བཞག་ཅིང་། ཁོང་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི། ཏང་ཡོན། གྲོང་ཚོའི་སྨན་པ་སོགས་སྣེ་ཁྲིད་དང་སྒྲིག་འཛུགས་བྱས་ནས་ཕྱི་ནས་ཡོང་མཁན་ལ་གྲལ་བཤེར་དང་། སྤྱི་པའི་ས་ཁོངས་སུ་དུག་སེལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས། འདུ་འཛོམས་དང་གསོལ་སྟོན་བྱེད་མཁན་མང་ཚོགས་ལ་ཁྱིམ་དུ་ལོག་རྒྱུའི་ཁ་ཏ་བསླབ་བྱ་སོགས་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱས་ཡོད་པ་རེད།

རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། ཞའོ་ཏུང་གིས་ཉིན་ལྟར་ཞོགས་སྔ་ལངས་དང་དགུང་ཕྱི་ཉལ་བྱས་ཏེ་གྲོང་ཚོའི་དོན་དག་སྒྲུབ་རྒྱུར་བྲེལ་བས་ནང་མིའི་འཚོ་བར་ལྟ་རྟོག་བྱེད་ཁོམ་མེད་པ་དང་། ཁྱིམ་དུ་ངལ་རྩོལ་ནུས་ཤུགས་གཞན་དག་མེད་པས་ཁ་ལག་བཟོ་བའི་མེ་ཤིང་རྫོགས་ནས་ནང་མི་ཚོ་ཁ་ལག་བཟོ་རྒྱུར་ཡང་དཀའ་ངལ་འཕྲད་ཡོད་པ་རེད། གྲོང་ཚོའི་གུང་གཞོན་སྡེ་ཚོགས་ཀྱི་ཀྲི་པུའི་འབོད་སྐུལ་འོག་གྲོང་ཚོའི་གཞོན་ནུ་ཚོས་གཅིག་རྗེས་གཉིས་མཐུད་ངང་འབོད་སྐུལ་དང་ལེན་ཞུས་ནས་ཞའོ་ཏུང་གི་ཁྱིམ་ལ་མེ་ཤིང་དཀོན་པའི་དཀའ་ངལ་སེལ་རོགས་བྱས་པ་རེད།

ཞའོ་ཏུང་གི་བཟའ་ཟླ་སྔར་ནས་བཟུང་གཟུགས་པོ་ཐང་པོ་མེད་པ་མ་ཟད། ད་དུང་ལོ་ན་བགྲེས་པའི་ཕ་མ་གཉིས་ལ་ལྟ་རྟོག་བྱེད་དགོས་པ་དང་།  ཕྲུ་གུ་གཉིས་སློབ་གྲྭར་གཏོང་དགོས་ཀྱི་ཡོད། མིག་སྔར་ཞའོ་ཏུང་གི་བཟའ་ཟླ་ཁྲེང་ཏུར་སྨན་བཅོས་བྱེད་བཞིན་ཡོད་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གྲོས་མོལ་བྱས་པ་བརྒྱུད། དངུལ་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་ནས་ཁོང་ཚོའི་དཀའ་ངལ་སེལ་རོགས་བྱེད་རྒྱུའི་ཐག་བཅད་པ་རེད། གྲོང་ཚོ་དེ་ཡོངས་ཀྱི་མང་ཚོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་ཞལ་འདེབས་བརྒྱབ་པ་བརྒྱུད། ཉིན་གཅིག་གི་དུས་ཚོད་ནང་སྒོར་ཁྲི་1.5གྲབས་གསོག་ཐུབ་ཡོད་པ་རེད།

ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འབྲུག་གྲོང་ཚོ་ནི་ཡུལ་མི་ཚོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རོགས་རམ་བྱེད་པ་དང་། དཀའ་ངལ་གང་འཕྲད་རུང་ཚང་མ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་མཉམ་དུ་ཁྱད་བསད་བྱེད་པའི་གྲོང་ཚོ་ཞིག་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།