བོད་ལྗོངས་ཀྱིས་རང་སྐྱོང་ལྗོངས་རིམ་པའི་ཁམས་གསོ་གནས་སྐོར་དང་ལྗང་མདོག་གནས་སྐོར་དཔེ་སྟོན་རྟེན་གཞིའི་སྙན་ཞུ་འབུལ་བའི་བྱ་བ་སྤེལ་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཀྱི་གནས་སྐོར་འཕེལ་རྒྱས་ཐིན་ནས་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་རྗེས་ཀྱི་རྒྱལ་ཡོངས་ཀྱི་བདེ་ཐང་ཁམས་གསོ་རིགས་ཀྱི་གནས་སྐོར་ལས་རྣམ་གསར་བའི་ཚོང་རའི་འཕེལ་རྒྱས་དགོས་མཁོ་དང་བསྟུན་ཆེད། བོད་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་ལྟར། བོད་ལྗོངས་གནས་སྐོར་འཕེལ་རྒྱས་ཐིན་གྱིས་ཉེ་ལམ་རང་སྐྱོང་ལྗོངས་རིམ་པའི་བདེ་ཐང་ཁམས་གསོ་གནས་སྐོར་དང་ལྗང་མདོག་གནས་སྐོར་དཔེ་སྟོན་རྟེན་གཞིའི་སྙན་ཞུ་འབུལ་བ་དང་དཔྱད་བསྡུར་གཏན་འབེབས་བྱ་བ་དངོས་སུ་སྤེལ་འགོ་བརྩམས་པ་རེད།

 རང་སྐྱོང་ལྗོངས་གནས་སྐོར་འཕེལ་རྒྱས་ཐིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། སྐོར་དང་པོའི་རང་སྐྱོང་ལྗོངས་རིམ་པའི་བདེ་ཐང་ཁམས་གསོ་གནས་སྐོར་དང་ལྗང་མདོག་གནས་སྐོར་དཔེ་སྟོན་རྟེན་གཞི་ཡིས་བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་དང་ལྗང་མདོག་སྐྱེ་ཁམས་ཐོན་ལས་ཀྱི་ལེགས་ཆར་བརྟེན་ནས། གནས་སྐོར་གཙོ་བོར་བྱས་ཏེ་བོད་ལུགས་གསོ་རིག་གི་སྨན་ལུམས་དང་། ཆུ་ཚན་གྱི་ལུས་གསོ། སྤྲོ་གསེང་། ལྗང་མདོག་སྐྱེ་ཁམས་སོགས་ཁྱད་ལྡན་ལས་རིགས་གཅིག་གྱུར་འཕེལ་རྒྱས་བཏང་ནས། རིམ་པ་མང་བ་དང་ཁྱབ་ཁོངས་ཆེ་བའི་མཉམ་འདུས་རྣམ་པའི་ཁྱད་ལྡན་གནས་སྐོར་ཁུལ་གདམ་གསེས་བྱ་རྒྱུ་ཡིན་པ་རེད། བྱེད་ཐབས་དེས་ལྗོངས་ཡོངས་ཀྱི་གནས་སྐོར་གྱི་ལས་རྣམ་གསར་བ་དང་དཔེ་དབྱིབས་གསར་བ་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་ནས། མཐོ་སྒང་གི་ཁམས་གསོ་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚད་བརྒལ་གསར་བ་མངོན་འགྱུར་བྱ་རྒྱུ་རེད། 

ཐེངས་འདིའི་དཔེ་སྟོན་རྟེན་གཞི་གསར་སྐྲུན་དཔྱད་བསྡུར་གཏན་འབེབས་བྱ་བ་དེ་ཚོད་ལྟའི་རྣམ་པའི་རྩ་འཛུགས་བྱས་ཏེ་སྤེལ་རྒྱུ་དང་། ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་གྱིས་ས་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་དང་གནས་སྐོར་གྱི་ལས་རྣམ་གསར་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་བར་བསམ་གཞིག་བྱ་རྒྱུ་དང་། རང་སྐྱོང་ལྗོངས་གནས་སྐོར་འཕེལ་རྒྱས་ཐིན་གྱིས་རིམས་ནད་མཇུག་སྒྲིལ་རྗེས་སྔོན་ལ་གྲོང་ཁྱེར་གཉིས་ནས་ཚོད་ལྟའི་བྱ་བ་སྤེལ་རྒྱུ་དང་། ཚོད་ལྟའི་བྱ་བར་གྲུབ་འབྲས་ཐོབ་རྗེས་ད་གཟོད་ལྗོངས་ཡོངས་ནས་སྤེལ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།