གཞིས་ཀ་རྩེ་དིང་རི་རྫོང་དུ་ས་ཡོམ་རིམ་པ5.9བརྒྱབ་པ་དང་རོགས་སྐྱོབ་སྟོབས་ཤུགས་ཀྱིས་དུད་ཚང་ཁག་ཏུ་བསྐྱོད་ནས་གྱོང་གུན་གྲལ་བཤེར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས20ཉིན་གྱི་ཆུ་ཚོད9དང་སྐར་མ33ཐོག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ5.9བརྒྱབ་པ་དང་ཡོམ་ཁུངས་གཏིང་ཚད་སྟོང་སྨི10ཟིན་ཡོད། མིག་སྔའི་བར་མི་སྣ་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད། ས་ཆ་དེ་གའི་རོགས་སྐྱོར་སྟོབས་ཤུགས་ཡོམ་ལྟེའི་ཁུལ་དུ་སླེབས་ཟིན་པ་དང་སྡོད་ཁང་ལ་གཏོར་སྐྱོན་ཕོག་པའི་གནས་ཚུལ་གྲལ་བཤེར་བྱེད་བཞིན་པའི་སྒང་ཡིན།

ས་ཡོམ་བརྒྱབ་རྗེས་བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་འཕྲལ་དུ་ཚབས་ཆེའི་ས་ཡོམ་རིམ་པ7.0ཡི་ས་ཁོངས་བརྒལ་བའི་འཕྲལ་སྡོམ་རོགས་སྐྱོབ་སྔོན་ཇུསIIརིམ་པའི་བརྡ་ལན་བཏང་བ་དང་། རང་སྐྱོང་ལྗོངས་ས་ཡོམ་ཅུས་དང་གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་། གཞིས་རྩེ་འཕྲིན་གཏོང་གློག་ཤུགས་ཀུང་སི། དིང་རི་རྫོང་དང་དེ་བཞིན་ཉེ་འཁོར་གྱི་རྫོང་ཁག་སོགས་སྲིད་གཞུང་གི་སྡེ་ཚན། ཤང་དང་གྲོང་ཚོའི་འཕྲལ་སྡོམ་འབྲེལ་གཏུག་པ་བཅས་ཀྱིས་འབྲེལ་ཡོད་གནས་ཚུལ་ཞིབ་དཔྱད་བྱས་ཡོད། མིག་སྔར། དིང་རི་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་རླངས་འཁོར་3དང་མི་9ཡོམ་ལྟེའི་ཁུལ་དུ་བསྐྱོད་ཟིན་པ་དང་། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་མདུན་ཕྱོགས་འཕྲལ་རྒོལ་ཚོགས་ཆུང་དང་ལྷ་ས་སོགས་ས་ཁུལ་དང་གྲོང་ཁྱེར་གྱི་འཚོལ་སྐྱོབས་ཚོགས་པའི་མི་སྣ། རླངས་འཁོར། འཚོལ་སྐྱོབས་ཁྱི་སོགས་རོགས་སྐྱོར་སྟོབས་ཤུགས་བསྡུ་རུབ་ཀྱིས་བཀའ་སྒུག་ནས་བསྡད་ཡོད།

དིང་རི་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བས། མིག་སྔར་རྫོང་ཡོངས་ཀྱི་ཤང་གྲོང་13གྱི་འཕྲིན་གཏོང་དང་འགྲིམ་འགྲུལ་ཚང་མ་བར་མཚམས་ཆད་མེད། འཐབ་ས་དང་པོའི་གྲོང་མི་གནས་སྤོའི་དོ་དམ་ཉེན་རྟོག་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་སོགས་ཀྱི་མི་སྣ་ཡོམ་ལྟེའི་ཉེ་འགྲམ་གྱི་གད་དམར་ཤང་དང་ཆུ་ལྷོ་ཤང་། གྲམ་སོ་ཤང་། རྒྱ་མཚོ་ཤང་བཅས་སུ་འབྱོར་ནས་གྲལ་བཤེར་བྱེད་པ་དང་། མང་ཚོགས་ཁང་པའི་ཕྱི་རོལ་དུ་ཉེན་གཡོལ་བྱེད་པར་བསྐྱོད་རྒྱུར་སྐུལ་སློང་བྱས་ཏེ་ཞོར་ཐོན་གནོད་འཚེ་ཐོན་རྒྱུ་སྔོན་འགོག་བྱས་ཡོད། རྫོང་ཡོངས་ཀྱི་འཕྲལ་སྡོམ་དངོས་ཟོག་མཛོད་ཁང་དུ་གྲབས་གསོག་འདང་ངེས་བྱས་ཡོད་ཅེས་ངོ་སྤྲོད་བྱས། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།