མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གཞི་སྔོན་དཔག་བྱས་ན2021ལོར་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   གསར་འགོད་པས་མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གཞི་འཛུགས་སྐྲུན་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔའི་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་གློག་ཤུགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་གཅིག་གྱུར་གློག་དྲ་འཛུགས་སྐྲུན་གྱི“མཐའ་མའི་སྤྱི་ལེ་གཅིག”གི་གནད་འགག་རང་བཞིན་གྱི་ལས་གཞི་ཡིན་པའི་མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གཞི2021ལོར་ཕྱོགས་ཡོངས་ནས་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པའི་འཆར་གཞི་ཡོད་པ་རེད། སྐབས་དེར་ལས་གཞིའི་ལམ་རྒྱུད་ཀྱི་རྫོང7ལ་གློག་དྲ་ཆེན་པོའི་གློག་ཤར་གཏོང་ཐུབ་ནས་རོང་འབྲོག་མང་ཚོགས་ཁྲི38ཙམ་གྱི་གློག་སྤྱོད་པའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱ་རྒྱུ་རེད།

མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གཞི་དེ་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྡོ་གླིང་གི་ཆན་ཕུའུ220ཡི་གློག་སྒྱུར་ས་ཚིགས་ནས་འགོ་ཚུགས་པ་དང་མངའ་རིས་ས་ཁུལ་སྒར་རྫོང་གི་ཆན་ཕུའུ220ཡི་གློག་སྒྱུར་ས་ཚིགས་བར་རེད། ལས་གཞིར་མ་དངུལ་སྒོར་དུང་ཕྱུར74.06བཏང་ཟིན་པ་དང་ལས་གཞི་དེས་ཆན་ཕུའུ500ཡི་གློག་སྒྱུར་ས་ཚིགས2དང་ཆན་ཕུའུ220ཡི་གློག་སྒྱུར་ས་ཚིགས4གསར་སྐྲུན་བྱས་པ་དང་། ཆན་ཕུའུ220ཡི་གློག་སྒྱུར་ས་ཚིགས1རྒྱས་སྐྲུན་བྱས་པ། ཆན་ཕུའུ220ཡི་གློག་སྒྱུར་ཤོང་ཚད་ཆན་ཧྥུའུ་ཨན་ཁྲི93ཅན་བཅས་གསར་སྐྲུན་བྱས་པ་རེད། ལས་གཞི་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་རྗེས་བོད་ལྗོངས་སུ་གཅིག་གྱུར་གློག་དྲ་ཆགས་ནས་འབྲོང་པ་དང་། ས་དགའ། སྐྱིད་གྲོང་། གཉའ་ལམ། སྤུ་ཧྲེང་། སྒེར་རྩེ། མཚོ་ཆེན་སོགས་རྫོང7ལ་གློག་དྲ་ཆེན་པོའི་གློག་ཤར་གཏོང་ཐུབ་རྒྱུ་རེད།

ལས་བཟོ་པས་བདེ་བླག་ནུས་ལྡན་ངང་ཨར་སྐྲུན་བྱེད་པར་འགན་ལེན་བྱ་ཆེད། ལས་གཞི་དེས་མཚོ་བོད་དང་། ཁྲོན་བོད། བོད་དབུས་རྒྱུད་བཅས་དྲ་སྦྲེལ་ལས་གཞི་ཆེ་གྲས3གྱི་རྨང་གཞིའི་ཐོག་ཚན་རྩལ་གསར་གཏོད་ཀྱི་སྤུས་ཚད་དང་གསར་གཏོད་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ“ཚན་རྩལ་གསར་གཏོད+གྲངས་གཞི་ཅན་དོ་དམ”གྱི་བྱེད་སྟངས་སྤྱད་དེ་ལས་གཞི་འཛུགས་སྐྲུན་བདེ་བླག་ཡོང་བར་འགན་ལེན་བྱས་པ་རེད། མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གཞི་འཛུགས་སྐྲུན་བཀོད་འདོམས་པུའུ་ཡིས་གཅིག་གྱུར་བཀོད་སྒྲིག་བྱས་པ་ལྟར་ལས་གཞི2020ལོའི་ཟླ2པའི་ཚེས20ཉིན་ནས་བཟུང་སྔ་རྗེས་སུ་ལས་འགོ་བསྐྱར་འཛུགས་བྱས་པ་དང2021ལོར་ཕྱོགས་ཡོངས་ནས་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པར་བརྩོན་ལེན་བྱ་རྒྱུ་རེད།

རྒྱུས་ལོན་བྱུང་བར་གཞིགས་ན། ལས་གཞི་དེ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་རྗེས་མངའ་རིས་ཀྱི་གློག་དྲ་རྒྱལ་ཡོངས་ཀྱི་གློག་དྲ་གཙོ་བོ་དང་ཕན་ཚུན་འབྲེལ་མཐུད་ཐུབ་ནས་མངའ་རིས་ཀྱི་གློག་དྲ་རྐྱང་བ་ཡུན་རིང་འཁོར་སྐྱོད་ཀྱི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་རྒྱུ་དང་། མངའ་རིས་ས་ཁུལ་དང་གཞིས་ཀ་རྩེའི་ནུབ་རྒྱུད་དུ་གློག་དཀོན་པའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཐུབ་རྒྱུ། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདང་ངེས་ཀྱི་གློག་ཤུགས་མཁོ་འདོན་འགན་ལེན་ཐུབ་རྒྱུ། རྒྱལ་ཁབ་ཀྱི་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་དང“ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རམ་འདེགས་བྱ་རྒྱུ། མཐའ་མཚམས་སྲ་བརྟན་དང་མི་རིགས་མཐུན་སྒྲིལ་ཟབ་གཏོང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་མངོན་འགྱུར་བྱ་རྒྱུ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པ་རེད། དེ་དང་ཆབས་ཅིག་ཏུ་ལས་གཞིས་རྒྱལ་ཁབ་ཀྱི་སྤྱི་ཡོངས་འཕེལ་རྒྱས་འཐབ་ཇུས་དང་རྒྱལ་སྲུང་བདེ་འཇགས་ལ་གློག་ཤུགས་འགན་ལེན་བྱ་རྒྱུ་མ་ཟད། རྒྱང་རིང་ལྕགས་ལམ་ལ་གློག་མཁོ་འདོན་དང་ཀྲུང་གོ་དང་བལ་ཡུལ་བར་གྱི་གློག་དྲ་དྲ་སྦྲེལ་གྱི་དགོས་མཁོ་ལའང་ནུས་པ་ཐོན་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།