བོད་ལྗོངས་ཀྱི་ཁེ་ལས90ལ་ཚན་རྩལ་གསར་གཏོད་དངུལ་འཛིན་གྱི་རོགས་སྐྱོར་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཉེ་ཆར་བོད་ལྗོངས་ཀྱི་ཁེ་ལས90ལ་བསྡོམས་པས་ཚན་རྩལ་གསར་གཏོད་དངུལ་འཛིན་གྱི་རོགས་དངུལ་སྒོར་ཁྲི543ཐོབ་པ་དང་ཆབས་ཅིག་ཚན་རྩལ་གསར་གཏོད་ཞབས་ཞུའི་ལས་ཁུངས38ཀྱི་ཁས་ལེན་ཐོབ་ནས། ཚན་རྩལ་གསར་གཏོད་དངུལ་འཛིན་ལེན་པའི་ཚན་རྩལ་ཁེ་ལས་དང་གསར་གཏོད་ལས་སྐྲུན་ཚོགས་པར་གསར་གཏོད་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད། 

རྒྱུས་ལོན་པ་ལྟར་ན། གསར་གཏོད་དངུལ་འཛིན་ལོ་གཅིག་གི་ནང་ཐེངས་མང་པོར་ལེན་ཆོག་པ་དང་། ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་གི་ལོ་འཁོར་རེར་འདུན་ཞུའི་ཚད་གཞི་མཐོ་ཤོས་སྒོར་ཁྲི10ཡིན་པ་དང་། གསར་གཏོད་ལས་སྐྲུན་ཚོགས་པས་ལོ་འཁོར་རེར་འདུན་ཞུའི་ཚད་གཞི་མཐོ་ཤོས་སྒོར་ཁྲི5ཡིན་པ་རེད། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གི་གསར་གཏོད་དངུལ་འཛིན་སྤྱོད་ཚད་དེ་ཐེངས་གཅིག་གི་ཉོ་སྒྲུབ་ཞབས་ཞུའི་འགྲོ་གྲོན་གྱི50%ལས་མི་བརྒལ་བ་བྱ་རྒྱུ་དང་། གསར་གཏོད་ལས་སྐྲུན་ཚོགས་པས་སྤྱོད་པའི་དངུལ་འབོར་དེ་ཐེངས་གཅིག་གི་ཉོ་སྒྲུབ་ཞབས་ཞུའི་འགྲོ་གྲོན་གྱི90%ལས་མི་བརྒལ་རྒྱུ་བཅས་ཡིན། 

 བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། གསར་གཏོད་བུན་འཛིན་དེ་དོ་དམ་ལས་ཁུངས་ཀྱིས་རང་དབང་གཅིག་གྱུར་བེད་སྤྱོད་བྱས་ནས། ཚོད་ལྟའི་མི་སྣ་དང་གཞོགས་འདེགས་དོ་དམ་མི་སྣའི་ལས་རྗེས་ལྕག་སྐུལ་དང་། མི་སྣ་གསོ་སྦྱོང་། དེ་མིན་ཚོད་ལྟ་ཁང་འཛུགས་སྐྲུན་དང་། འཁོར་སྐྱོད། ཡོ་བྱད་སོགས་ཚན་རིག་ཞིབ་འཇུག་གན་རྒྱར་དམིགས་ནས་སྤེལ་བའི་ཞིབ་འཇུག་གསར་སྤེལ་བྱ་འགུལ་སོགས་ཀྱི་ཕྱོགས་ནས་འགྲོ་གྲོན་བཏང་ཆོག་ལ། གསར་གཏོད་དངུལ་འཛིན་ལག་བསྟར་བྱས་པ་དེས་ནོར་སྲིད་ཚན་རྩལ་མ་དངུལ་བེད་སྤྱོད་བྱེད་ཚད་མཐོར་འདེགས་ཆེན་པོ་གཏོང་ཐུབ་པ་མ་ཟད། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་དང་གསར་གཏོད་ལས་སྐྲུན་ཚོགས་པ་མགྱོགས་མྱུར་འཚར་ལོངས་བྱུང་བར་རོགས་སྐྱོར་བྱེད་ཐུབ་པ་དང་། ཐོན་སྐྱེད་ཞིབ་འཇུག་བེད་སྤྱོད་བཅས་ལ་སྦྲེལ་མཐུད་ནུས་ལྡན་བྱེད་པའི་སྐུལ་འདེད་བྱ་བར་ཆ་རྐྱེན་བསྐྲུན་ཐུབ་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།