གཞིས་ཀ་རྩེ་གྲོང་ཁྱེར་གྱིས་དྲིལ་བསྒྲགས་སྣེ་ཁྲིད་བྱ་བར་ཤུགས་བསྣན་ཏེ་ལས་ཞུགས་ལས་སྐྲུན་གྱི་ཁོར་ཡུག་ཡག་པོ་སྐྲུན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ལས་ཞུགས་ལས་སྐྲུན་གྱི་དྲིལ་བསྒྲགས་བྱ་བ་ནན་ཏན་གྱིས་སྤེལ་བ་དང་། མཐོ་སློབ་མཐར་ཕྱིན་སློབ་མའི་འདུ་ཤེས་སྣེ་ཁྲིད་ལ་ཤུགས་བསྣན་ཏེ། སྔར་ལས་ལྷག་པའི་སྒོ་ནས་ལས་ཞུགས་ལས་སྐྲུན་གྱི་ཁོར་ཡུག་ཡག་པོ་བསྐྲུན།

གཞིས་ཀ་རྩེ་གྲོང་ཁྱེར་གྱིས་སྔར་ཡོད་ཀྱི་དྲིལ་བསྒྲགས་འགྲེམས་སྒྲོམ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ལས་དོན་མི་སྣས་གྲོང་ཁུལ་གྱི་སྒོ་རྩིས་ཚོང་ཁང་དང་སྦྲག་སྲིད་ཞབས་ཞུ་ཐིན་སོགས་དྲིལ་བསྒྲགས་འགྲེམས་སྒྲོམ10ལ《བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མའི(འབྲིང་རིམ་ལས་རིགས་སློབ་མ)ལས་ཞུགས་ལས་སྐྲུན་གྱི་བྱ་དགའི་ཁ་གསབ་སྲིད་ཇུས》དང《གཞིས་ཀ་རྩེ་གྲོང་ཁྱེར་གྱི་མཐོ་སློབ་མཐོར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་སྲིད་ཇུས་དྲིལ་བསྒྲགས་ལག་དེབ》(བོད་ཡིག་དང་རྒྱ་ཡིག་གཉིས་ཀྱི་པར་གཞི)550ལྷག་ཙམ་ལ་ཁ་སྣོན་བརྒྱབ་པ་རེད། དེ་དང་ཆབས་ཅིག་མེ་འཁོར་བབས་ཚུགས་ཀྱི་མི་འབོར་མང་བའི་ལེགས་ཆར་བརྟེན་ནས་ཟླ3པའི་ཚེས11ཉིན་ནས་བཟུང་ཉིན་ལྟར་མེ་འཁོར་བབས་ཚུགས་ཐང་ཆེན་གྱིLEDགློག་རྡུལ་བརྙན་ཤེལ་ཐོག་ལས་ཞུགས་ལས་སྐྲུན་གྱི་དྲིལ་བསྒྲགས་བརྙན་ཐུང་གཏོང་རྒྱུ་ཡིན་པ་རེད།

གཞིས་ཀ་རྩེ་གསར་འགྱུར་ལྟེ་གནས་དང་། གཞིས་ཀ་རྩེ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། གཞིས་ཀ་རྩེ་ཁྱབ་བསྒྲགས་དང་གཞིས་ཀ་རྩེའི་ཇོ་མོ་གླང་མའི་ལས་ཞུགས་ལས་སྐྲུན་སོགས་དྲ་ཐོག་གདན་ཞུའི་ལས་གནས་ཀྱི་ཆ་འཕྲིན་དུས་ཐེངས4ཁྱབ་བསྒྲགས་བྱས་པ་དང་། གཞིས་ཀ་རྩེ་དྲ་བ་སོགས་སྲིད་གཞུང་གི་དྲ་ཚིགས་ཐོག་ལས་ཞུགས་ལས་སྐྲུན་གྱི་དྲིལ་བསྒྲགས་སྦྱར་ཡིག་གི་འབོད་ཚིག291ཁྱབ་བསྒྲགས་བྱས་ལ། “ཇོ་མོ་གླང་མའི་ལས་ཞུགས་ལས་སྐྲུན”གྱི་སྐད་འཕྲིན་སྤྱི་རྟགས་དང་འདར་སྒྲའི་ལས་སྟེགས་ཐོག་སྲིད་ཇུས་དང་ལས་གནས་ཆ་འཕྲིན་ཉིན་ལྟར་འོས་སྦྱོར་བྱས་ཡོད།

གཞིས་རྩེ་གྲོང་ཁྱེར་གྱིས《ལྗོངས་ཕྱི་ནང་གི་མཐོ་སློབ་ཏུ་བསྐྱོད་དེ་ཐེམ་ཁུངས་གཞིས་ཀ་རྩེ་ཡིན་པའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་སྲིད་ཇུས་སྒྲོག་འགྲེལ་བྱ་འགུལ་སྤེལ་རྒྱུའི་སྐོར་གྱི་བྱ་བའི་ཇུས་གཞི》གཏན་འབེབས་བྱས་ནས། ཟླ4བར་སྲིད་ཇུས་གསལ་འགྲེལ་མི་སྣ་སྒྲིག་འཛུགས་བྱས་ཏེ་བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་མི་རིགས་སློབ་ཆེན་སོགས་ལྗོངས་ཕྱི་ནང་གི་མཐོ་སློབ་ཏུ་བསྐྱོད་དེ། གཞིས་ཀ་རྩེ་གྲོང་ཁྱེར་གྱི་ལས་ཞུགས་ལས་སྐྲུན་གྱི་དཔེ་མཚོན་བྱས་རྗེས་དང་ལས་ཞུགས་ལས་སྐྲུན་གྱི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་བྱས་ནས། ཐེམ་ཁུངས་གཞིས་ཀ་རྩེ་ནས་ཡིན་པའི་སློབ་ཆེན་སློབ་མའི་ཁྲོམ་རའི་ལས་ཞུགས་དང་ལྗོངས་ཕྱིའི་ལས་ཞུགས་ལ་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།