འདི་ནི་བོད་ལྗོངས་མངའ་རིས་དང་བོད་དབུས་ཀྱི་གློག་དྲ་དྲ་སྦྲེལ་ལས་གཞིའི་ཁྲ་ཝུའུ་ཆན་ཕུའུ500ཡི་གློག་སྒྱུར་ས་ཚིགས་ཀྱི་གསར་སྐྲུན་ལས་གཞིའི་ཨར་ལས་ཡུལ་དངོས་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས15ཉིན་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་འབྱོར་པའི་གནས་ཚུལ་ལྟར་ན། ཟླ3པའི་ཚེས14ཉིན་གྱི་བར་དུ་གློག་དྲ་འཛུགས་སྐྲུན་པ་ཁྲི་ལྷག་ཙམ་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་བོད་དུ་ལོག་ནས་ལས་གནས་ཐོག་སླེབས་པ་དང་ཆབས་ཅིག་ཏུ་བོད་ལྗོངས་སུ“ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་དང་། མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གཞི་སོགས་གློག་དྲ་འཛུགས་སྐྲུན་རྣམ་གྲངས430ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་པ་མངོན་འགྱུར་བྱུང་།
རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་གཞི་འཛུགས་སྐྲུན་ཕྱོགས་གཉིས་དམ་འཛིན་དང་འཐུས་ཤོར་མི་འགྲོ་བ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལོ་འཁོར་གྱི་གཙོ་གནད་གློག་དྲ་འཛུགས་སྐྲུན་གྱི་ལས་འགན་མི་འགྱུར་བ་དང་། མྱུར་ཚད་མི་འགྱུར་བ། བླང་བྱ་མི་འགྱུར་བ་བཅས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཀུང་སིས“ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་བྱ་རྒྱུ་དང་། བོད་དབུས་དང་མངའ་རིས་ཀྱི་གློག་དྲ་དྲ་སྦྲེལ་ལས་གཞི་འཛུགས་སྐྲུན་སོགས་ཀྱི་གཙོ་གནད་ལས་འགན་དུས་བཅད་ལྟར་ལེགས་འགྲུབ་བྱ་རྒྱུ། 2020ལོར་བོད་ལྗོངས་ཀྱི་གློག་དྲ་གཙོ་བོ་ལྗོངས་ཡོངས་ཀྱི་རྫོང(ཆུས)74དང་ཤང་དང་གྲོང་རྡལ་གཙོ་བོར་ཁྱབ་པ་བྱ་རྒྱུ། གློག་མཁོ་འདོན་མི་འབོར་བོད་ལྗོངས་ཡོངས་ཀྱི97%ཟིན་རྒྱུ་བཅས་ལེགས་འགྲུབ་ཡོང་རྒྱུ་མངོན་གསལ་བསྟན་པ་རེད།
འདི་ནི་བོད་ལྗོངས་མངའ་རིས་དང་བོད་དབུས་ཀྱི་གློག་དྲ་དྲ་སྦྲེལ་ལས་གཞིའི་ཁྲ་ཝུའུ་ཆན་ཕུའུ500ཡི་གློག་སྒྱུར་ས་ཚིགས་ཀྱི་གསར་སྐྲུན་ལས་གཞིའི་ཨར་ལས་ཡུལ་དངོས་རེད།
རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་ཀྱི“ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་ལས་གཞིས་རྒྱལ་ཡོངས་བསྡོམས་འབོར་གྱི་གསུམ་ཆ་གཅིག་ཙམ་བཟུང་བ་དང་འཆར་འགོད་མ་དངུལ་སྒོར་དུང་ཕྱུར118.6བཏང་ཡོད་པ་རེད། ལས་གཞི་དེ་འཛུགས་སྐྲུན་བྱེད་པར་བོད་ལྗོངས་ཀྱི་རྫོང74དང་། སྲིད་འཛིན་གྲོང་ཚོ2026མི་ཁྲི251བཅས་དང་འབྲེལ་བ་ཡོད་པ་དང་ལམ་རྒྱུད་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ཞན་པ་དང་། དངོས་ཟོག་སྐྱེལ་འདྲེན་བྱེད་དཀའ་བ། ཨར་ལས་ཁོར་ཡུག་ཞན་པ་བཅས་རེད། ཟླ3པའི་ཚེས14ཉིན་བར་ལས་གཞི་དེའི་ཡུལ་དངོས་སུ་འཛུགས་སྐྲུན་ནང་ཞུགས་མཁན་མི5000ཙམ་ཡོད་པ་དང་ལས་གཞིའི་གྲུབ་ཆ་གཙོ་བོའི་ལས་ཆོད73.5%ལེགས་འགྲུབ་བྱུང་ཡོད་པ་རེད།
འདི་ནི་གློག་ཤུགས་ཨར་ལས་མི་སྣས་ལུས་དྲོད་ཚད་འཇལ་ཐོ་འགོད་བྱེད་བཞིན་པ།
ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གཞི་ནི“ལོ་ལྔའི་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་གློག་ཤུགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་བོད་ལྗོངས་ཀྱི་གཅིག་གྱུར་གློག་དྲའི“མཐའ་མའི་སྤྱི་ལེ་གཅིག”གི་འགག་རྩའི་ལས་གཞི་ཞིག་དང་བོད་ལྗོངས་ཀྱི“གློག་ཤུགས་མཁའ་ལམ”ཞིག་ཀྱང་རེད། ལས་གཞི་དེ་སྤྱོད་འགོ་ཚུགས་རྗེས་བོད་ལྗོངས་སུ་གཅིག་གྱུར་གློག་དྲ་གྲུབ་ནས་འབྲོང་པ་དང་། ས་དགའ། སྐྱིད་གྲོང་། གཉའ་ལམ། སྤུ་ཧྲེང་། སྒེར་རྩེ། མཚོ་ཆེན་བཅས་རྫོང7དུ་གློག་དྲ་ཆེན་པོ་སྦྲེལ་ནས་ལམ་རྒྱུད་ཀྱི་རོང་འབྲོག་མང་ཚོགས་ཁྲི38ཙམ་གྱི་བདེ་འཇགས་གློག་སྤྱོད་གནད་དོན་ནུས་ལྡན་སྒོས་ཐག་གཅོད་བྱ་རྒྱུ་ཡིན་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་ཀྱི་གློག་དྲ་འཛུགས་སྐྲུན་རྣམ་གྲངས་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་པ།