མངའ་རིས་སྒེར་རྩེ་རྫོང་དུ་ས་ཡོམ་ཐེངས་མང་བརྒྱབ་ཀྱང་མི་སྣ་འཆི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཕོག་མེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས10ཉིན་ནས13ཉིན་བར་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་རྒོད་མོ་ཤང་དུ་སྔ་རྗེས་སུ་ས་ཡོམ་ཐེངས་མང་བརྒྱབ་པ་དང་ས་ཡོམ་རིམ་པ་མཐོ་ཤོས་5.1བརྒྱབ་ཅིང་། ཡོམ་ལྟེ་ཤར་གྱི་གཞུང་ཐིག་85.55དང་འཕྲེད་ཐིག་བྱང་མ་32.88ཐོག་ཡིན་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི་10ཟིན་པ་དང་སྒེར་རྩེ་རྫོང་གྲོང་དང་བར་ཐག་སྤྱི་ལེ་150ཡོད། ཡོམ་ལྟེའི་ཉེ་འཁོར་གྱི་རྒོད་མོ་ཤང་གངས་རོ་གྲོང་ཚོ་དང་སེང་རྡོ་གྲོང་ཚོར་ཡོམ་ཚོར་ཆེན་པོ་བྱུང་ཡོད། གསར་འགོད་པར་མངའ་རིས་ས་ཨུད་ནས་ཤེས་རྟོགས་བྱུང་བར། ས་ཡོམ་ལས་མི་སྣ་འཆི་རྨས་དང་རྒྱུ་ནོར་གྱོང་གུན་གྱི་གནས་ཚུལ་ཐོན་མེད། མིག་སྔར་མངའ་རིས་ས་ཁུལ་གྱིས་ས་ཡོམ་གྱི་གནོད་འཚེར་ཁ་གཏད་གཅོག་པའི་གྲ་སྒྲིག་ལས་དོན་སྣ་ཚོགས་ལེགས་གྲུབ་ཟིན་ཡོད།

ས་ཡོམ་བརྒྱབ་རྗེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འགོ་ཁྲིད་གཙོ་བོ་སྐུ་ངོ་མས་འབྲེལ་ཡོད་སྡེ་ཚན་ལ་ཡོམ་འགོག་གེགས་སེལ་ལས་དོན་འཕྲལ་མར་བཀོད་སྒྲིག་བྱེད་པ་དང་། ས་གནས་ས་ཐོག་ཏུ་བསྐྱོད་དེ་ཡོམ་འགོག་གེགས་སེལ་དངོས་རྫས་ཀྱི་དགོས་མཁོ་ཤེས་རྟོགས་བྱེད་པ། ས་བབ་མཐོ་བ་དང་དྲོད་ཚད་དམའ་བ་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་བསམ་གཞིགས་གང་ལེགས་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ཀྱི་དགོས་མཁོ་དང་རྒྱུ་ནོར་བདེ་འཇགས་ཀྱི་དགོས་མཁོར་བསམ་གཞིགས་གང་ལེགས་བྱེད་པ། དངོས་ཟོག་འདང་ངེས་གྲ་སྒྲིག་བྱེད་པ་དང་དགོས་མཁོ་བཞིན་གཏོང་སྤྲོད་བྱེད་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་དུས་ཐོག་ཏུ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཚོར་ཐུབ་པ་བྱེད་དགོས་པའི་མཛུབ་ཁྲིད་གནང་བ་རེད།

རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་གཞིར་བཟུང་།  མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་འཕྲལ་མར་བཙུགས་པ་རེད།  ཚེས་10ཉིན་གྱི་ཐོ་རེངས་ཆུ་ཚོད་ལྔ་པ་ཙམ་ལ་མངའ་རིས་ས་ཨུད་ཀྱི་འགོ་ཁྲིད་གཙོ་བོས་ས་ཨུད་གཞུང་ལས་ཁང་དང་། ས་ཁུལ་འཕྲལ་སྡོམ་དོ་དམ་ཅུས། འཕྲོད་བསྟེན་བདེ་ཐང་ཨུ་ལྷན། འབྲུ་རིགས་དང་དངོས་ཟོག་གསོག་ཉར་ཅུས།  མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་ལྟེ་གནས་སོགས་སྡེ་ཚན་གྱི་འགན་ཁུར་བས་གྲུབ་པའི་ཡོམ་འགོག་གེགས་སེལ་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་ནས་མཚན་མོ་དེ་རང་དུ་སྒེར་རྩེ་རྫོང་དུ་ཡོང་ནས་ས་ཡོམ་གནས་ཚུལ་ཞིབ་བཤེར་དང་། དངོས་ཟོག་དབོར་འདྲེན། ཉེན་སེལ་གེགས་སྐྱོབ་སོགས་ཀྱི་ལས་དོན་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒོད་མོ་ཤང་གངས་རོ་གྲོང་ཚོ་དང་སེར་རྡོ་གྲོང་ཚོར་ཁྱོན་དུད་ཚང་477གྱི་མང་ཚོགས་1928ཡོད། ས་ཡོམ་བརྒྱབ་མ་ཐག་སྒེར་རྩེ་རྫོང་རྒོད་མོ་ཤང་གིས་གནས་སྐབས་བཀོད་སྒྲིག་བྱ་ཡུལ་བཙུགས་ནས་གུར་38བརྒྱབ་སྟེ་མང་ཚོགས་དུད་ཚང་15ཡི་མི73བཀོད་སྒྲིག་བྱས་པ་རེད།

ས་ཡོམ་ཡང་ཡང་ཐོན་པའི་གནས་ཚུལ་ལ་དམིགས་ནས། སླར་ཡང་ཐོན་སྲིད་པའི་ས་ཡོམ་གྱི་གནོད་འཚེར་ཁ་གཏད་གཅོག་ཆེད། མངའ་རིས་ས་ཁུལ་དང་དེ་བཞིན་སྒེར་རྩེ་རྫོང་སོ་སོས་གུར་700དབོར་ནས་མང་ཚོགས་དུད་ཚང་462ཀྱི་མི་1855བཀོད་སྒྲིག་འོས་འཚམ་བྱས་པ་དང་། མང་ཚོགས་ཁྱིམ་གྱི་རྩ་ཆེའི་རྒྱུ་དངོས་ཆད་ལུས་མེད་པར་གནས་སྤོ་བཀོད་སྒྲིག་བྱས་པ་རེད། རྒོད་མོ་ཤང་གི་ལས་བྱེད་པ་དང་། དགེ་རྒན། སྨན་པ་བཅས་དང་། དེ་བཞིན་གྲོང་སྡོད་ལས་བྱེད་པའང་དུས་མཚུངས་སུ་བཀོད་སྒྲིག་བྱས་པ་རེད།

མིག་སྔར། སྒེར་རྩེ་རྫོང་རྒོད་མོ་ཤང་གི་ཏང་ཡོན་ལས་བྱེད་པས་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་མཉམ་དུ་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས། མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་ཤེས་བྱ་ཡོངས་བསྒྲགས་བྱས་པ་དང་སེམས་གསོ་གཏོང་བ་སོགས་ཀྱི་ལས་དོན་སྤེལ་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།