བོད་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་མང་པོ་ཞིག་གཅིག་བསྡུས་ངང་ལས་འགོ་བསྐྱར་ཚུགས་བྱས།

W020200315726343090999.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས15ཉིན་གྱི་ཞོགས་པར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་སྟོད་ལུང་གྲོང་གསར་རྣམ་གྲངས་སྤེལ་ཡུལ་དུ་རྐོ་འདྲུའི་འཕྲུལ་འཁོར་དང་། ས་འབུད་འཕྲུལ་འཁོར། ལྗིད་ཐེག་རླངས་འཁོར་བཅས་གོ་རིམ་ལྟར་སྒྲིག་ནས་གཞི་ཁྱོན་ཆེ་བའི་ལས་གཞི་ལས་འགོ་འགོ་ཚུགས་པར་གྲ་སྒྲིག་བྱེད་བཞིན་ཡོད། 

ལྷ་ས་གྲོང་ཁྱེར་གྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་བརྟན་རླིང་དངུལ་གཏོང་བྱ་བ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར347.3བཏང་བའི་གཙོ་གནད་རྣམ་གྲངས32གཅིག་བསྡུས་ངང་ལས་འགོ་བསྐྱར་ཚུགས་བྱུང་བ་དེ་རྨང་གཞིའི་སྒྲིག་ཆས་དང་། དམངས་འཚོ་ལེགས་བཅོས། ཐོན་ལས་འཕེལ་རྒྱས་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དངུལ་གཏོང་ཀུང་སིས་གསར་སྤེལ་བྱས་པའི་སྟོད་ལུང་གྲོང་གསར་གྱི་རྣམ་གྲངས་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར63.8བཏང་བ་དང་། མིག་སྔར་ལས་མི150ལྷག་ལས་གནས་སུ་འབྱོར་ཏེ་རྨང་གཞིའི་ས་རྐོ་བའི་ལས་ཀ་ལས་རྒྱུ་རེད། ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དངུལ་གཏོང་ཀུང་སིའི་བཟོ་བཀོད་པ་དབྱང་ཁྲའོ་ཞུན་གྱིས་བཤར་རྒྱུར། “གྲོང་ཁྱེར་ཡོངས་སུ་ཐེངས་འདིའི་ལས་འགོ་ཚུགས་པའི་རྣམ་གྲངས་ཁྲོད་གྲོང་ཁྱེར་དངུལ་གཏོང་ཀུང་སི་དང་འབྲེལ་བ་ཡོད་པའི་རྣམ་གྲངས70%ཟིན་པ་དང་། ལྷག་པར་དུ་གཙོ་གནད་རྣམ་གྲངས་ཁྲོད་སྤྱིལ་ཁྱིམ་ཁུལ་བསྒྱུར་བཀོད་དང་ཆུ་འདོན་ཆུ་འབུད་སོགས་འདུས་ཡོད། མིག་སྔར་མི་སྣ་དང་། སྒྲིག་ཆས་འཕྲུལ་ཆས། རྒྱུ་ཆ་བཅས་ལས་གཞིའི་དགོས་མཁོ་སྐོང་ཐུབ་པ་དང་། ཉིན3ནས་ཉིན5བར་ད་དུང་ལས་བཟོ་བ1000ལྷག་ལྷ་སར་ཕྱིར་ལོག་བྱེད་བཞིན་ཡོད་ཟེར།  

ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ260ལྷག་ཡོད་པའི་གཞིས་ཀ་རྩེ་གྲོང་ཁྱེར་དུ་གཞིས་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ་འཛུགས་སྐྲུན་དང་། བསམ་གྲུབ་རྩེ་ཆུས་ཀྱི་སྤྱིལ་ཁྱིམ་ཁུལ་བསྒྱུར་བཀོད། ལྷ་ས་ནས་གཞིས་རྩེ་བར་གྱི་གཞུང་ལམ་གཞིས་རྩེ་དུམ་བུ། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་གསར་གཏོད་ཐོན་ལས་གླིང་སོགས་རྣམ་གྲངས་གལ་ཆེན་མང་པོ་ཞིག་ཀྱང་ཚེས15ཉིན་ལས་འགོ་བསྐྱར་ཚུགས་བྱས་པ་རེད།

 གཞིས་ཀ་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ་ནི2019ལོའི་ལོ་མཇུག་ཏུ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་དངོས་སུ་ཆོག་མཆན་གནང་སྟེ། དེའི་དམིགས་ཡུལ་ནི་རང་རྒྱལ་གྱི“རྒྱུད་གཅིག་ལམ་གཅིག”དང་ཨེ་ཤེ་ཡ་ལྷོ་མར་ཁ་ཕྱོགས་པའི་སྒོ་འབྱེད་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་སྐྲུན་ཆེད་ཡིན། ད་ལོར་མ་དངུལ་སྒོར་དུང་ཕྱུར43གཏོང་རྩིས་ཡོད་པ་དེའི་ནང་གཙོ་བོ་ལམ་དྲའི་གྲོང་ཁྱེར་གྱི་རྨང་གཞི་འཛུགས་སྐྲུན་ལས་གཞི་དང་། སློབ་ཁྲིད་དང་ལུས་རྩལ་གྱི་ལེ་ལག་ཁ་ཚང་གི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི། བྱེད་ནུས་ཁུལ་གྱི་ལྟེ་བའི་འཛུགས་སྐྲུན་ལས་གཞི། ཁྱད་ལྡན་ཐོན་ལས་འཛུགས་སྐྲུན་ལས་གཞི་བཅས་རིགས་ཆེན་པོ་བཞི་འདུས་ཡོད་པ་རེད། 

དེ་དང་ཆབས་ཅིག་བོད་ལྗོངས་ཀྱིས་ད་དུང་གློག་དྲ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཚེས15ཉིན་བར་གློག་དྲའི་འཛུགས་སྐྲུན་པ་ཁྲི་ལྷག་བོད་ལྗོངས་སུ་ལོག་པ་དང་ཆབས་ཅིག་བོད་ལྗོངས་ཀྱི“ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་དང་། མངའ་རིས་དང་བོད་དབུས་གློག་དྲ་འཕྲིན་སྦྲེལ་ལས་གཞི་སོགས་གློག་དྲ་འཛུགས་སྐྲུན་རྣམ་གྲངས430ཡོངས་སུ་ལས་འགོ་ཚུགས་པ་རེད། 

བོད་ལྗོངས་ཀྱི“ཆུས་གསུམ་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་ལས་གཞི་ཡིས་རྒྱལ་ཡོངས་བསྡོམས་འབོར་གྱི་གསུམ་ཆ་གཅིག་ཙམ་ཟིན་པ་དང་། འཆར་འགོད་སྤྱིའི་མ་དངུལ་སྒོར་དུང་ཕྱུར118.6བཏང་ཡོད། ལས་གཞི་འཛུགས་སྐྲུན་ས་ཁུལ་དེ་བོད་ལྗོངས་ཀྱི་ཐག་རིང་ལུང་ཁུག་ས་ཁུལ་དུ་གནས་ཡོད་པ་དང་། ས་གནས་མང་ཞིང་ཁྱབ་རྒྱ་ཆེ་བ། ལམ་རྒྱུད་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ཞན་པ་དང་། དངོས་ཟོག་སྐྱེལ་འདྲེན་དཀའ་བ། ལས་གཞི་ལག་བསྟར་ཁོར་ཡུག་ཞན་པ་ཡིན། མིག་སྔའི་བར་ཡུལ་དངོས་སུ་འཛུགས་སྐྲུན་ཁྲོད་ཞུགས་མཁན་མི5000ཡོད་པ་དང་། ལས་གཞི་གཙོ་བོའི་འཕེལ་རིམ73.5%ལེགས་འགྲུབ་བྱུང་ཡོད། དེ་མིན་མངའ་རིས་དང་བོད་དབུས་གློག་དྲ་འཕྲིན་སྦྲེལ་ལས་གཞི་ཧྲིལ་པོའི་འཛུགས་སྐྲུན་གྱི་འཕེལ་རིམ31%ལེགས་འགྲུབ་བྱུང་ཡོད་པ་དང་། ལམ་ཐིག་ཧྲིལ་བོའི་འཛུགས་སྐྲུན་ཁྲོད་ཞུགས་མཁན་མི4000ཙམ་ཡོད་པས་ད་ལྟའི་དུས་མཚམས་ཀྱི་ལས་གཞི་ལག་བསྟར་དགོས་མཁོ་སྐོང་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོར་བོད་ལྗོངས་ཀྱིས་ཐོག་དང་པོར་རྣམ་གྲངས179བཀོད་སྒྲིག་བྱས་ཡོད་པ་དང་། ལོ་འཁོར་གྱི་འཆར་གཞི་ལྟར་ན་དངུལ་གཏོང་སྒོར་དུང་ཕྱུར1872ལེགས་འགྲུབ་བྱ་རྒྱུ་ཡིན་ཏེ། 2019ལོ་དང་བསྡུར་ན་དོན་དངོས་སུ་དངུལ་གཏོང་ལེགས་འགྲུབ་བྱེད་ཚད18%འཕར་ཡོད་ཟེར། །  

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།