ན་ནིང་བོད་ལྗོངས་ཀྱིས་ས་ཆུ་ཤོར་ཚད་སྤྱི་ལེ་ངོས་གྲུ940བཅོས་སྐྱོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ས་ཆུ་སྲུང་འཛིན་ཅུས་ནས་ཤེས་རྟོགས་བྱུང་བར། 2019ལོར་བོད་ལྗོངས་ཀྱིས་ས་ཆུ་ཤོར་བའི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་དང་རང་སྐྱོང་ལྗོངས་འཕེལ་སྒྱུར་དང་། ནོར་སྲིད། ཞིང་འབྲོག ནགས་ལས། ཆུ་བེད་སོགས་འགན་ནུས་སྡེ་ཚན་གྱིས་མཉམ་དུ་བྱ་སྤྱོད་སྤེལ་བར་རིམ་རྩིས་བརྒྱབ་ན་ས་ཆུ་ཤོར་བར་བཅོས་སྐྱོང་བྱེད་པའི་ཐད་མ་དངུལ་སྒོར་དུང་ཕྱུར་11.8བཏང་བར་ས་ཆུ་ཤོར་ཚད་བཅོས་སྐྱོང་བྱེད་ཁྱོན་སྤྱི་ལེ་ངོས་གྲུ་940.51མང་དུ་ཕྱིན་པ་དང་ཚོད་རྩིས་བྱས་ན་ས་རྒྱུ་ཤོར་ཚད་ཏུན་ཁྲི་646.61ཉུང་དུ་ཕྱིན་པ་རེད།

བོད་རང་སྐྱོང་ལྗོངས་ས་ཆུ་སྲུང་འཛིན་གྱི་འཆར་འགོད(2019-2030ལོ་བར)ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་གཞིར་བཟུང་2019ལོའི་ལོ་འགོར་འཕེལ་སྒྱུར་དང་། ནོར་སྲིད། རྒྱལ་ཁབ་ས་ཆ། ཁོར་ཡུག་སྲུང་སྐྱོང་། ཞིང་འབྲོག ཆུ་བེད། ནགས་ལས་བཅས་སྡེ་ཚན་བདུན་གྱིས་རང་ལྗོངས་ཀྱི་ས་ཆུ་ཤོར་ཚད་བཅོས་སྐྱོང་བྱེད་ཁྱོན་ཆེ་རུ་གཏོང་བའི་ལས་འགན་མཉམ་འབྲེལ་ཐོག་གཤམ་སྤྲོད་བྱས་པ་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་ཁག་བགོས་གཞིར་བཟུང་གཙོ་གནད་རྒྱུག་ཁུལ་ཆུང་གྲས་ཕྱོགས་བསྡུས་བཅོས་སྐྱོང་དང་། བྱེ་འགོག་བྱེ་བཅོས། ས་ཁོངས་ནགས་བཟོ། རྨོ་བསྐྱུར་ནགས་བཟོ། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་སོགས་རྣམ་གྲངས་ལག་བསྟར་ཧུར་ཐག་བྱས་ཡོད། དེའི་ནང་ས་ཆུ་སྲུང་འཛིན་གྱི་ནགས་ཚལ་སྤྱི་ལེ་ངོས་གྲུ་223.30དང་། དཔལ་འབྱོར་ཤིང་འབྲེལ་ནགས་ཚལ་སྤྱི་ལེ་ངོས་གྲུ་1.28 རྩྭ་འདེབས་ཚད་སྤྱི་ལེ་ངོས་གྲུ་67.73 རི་ལྡེབས་སྐས་ཞིང་ལ་སྒྱུར་ཚད་སྤྱི་ལེ་ངོས་གྲུ་1.29 བཀག་སྡོམ་བྱེད་ཐབས་སྤྱད་ཁྱོན་སྤྱི་ལེ་ངོས་གྲུ་645.81 བྱེད་ཐབས་གཞན་དག་སྤྱད་ཁྱོན་སྤྱི་ལེ་ངོས་གྲུ་1.1བཅས་མང་དུ་ཕྱིན་པ་རེད། ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་བརྒྱུད་འབྲུ་རིགས་ཐོན་སྐྱེད་བྱེད་ཁྱོན་སྤྱི་རྒྱ་ཁྲི་40.12ལྷག་ཙམ་འཕར་ནས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་2.48ལྷག་ཙམ་ཟིན་པ་དང་ས་ཆུ་ཤོར་བའི་རྒྱུག་ཁུལ་ཆུང་གྲས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་ཁུལ་དུ་ཕན་པ་ཐོབ་པའི་མི་འབོར་5687ཟིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།