བོད་ལྗོངས་ཀྱིས2020ལོའི་དཔྱིད་དུས་ཕྱི་རྒྱལ་གྱི་རི་འཛེག་རུ་ཁག་ལ་སྣེ་ལེན་ཞུ་བའི་ལས་དོན་གནས་སྐབས་ནར་འགྱངས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། བོད་རང་སྐྱོང་ལྗོངས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ནང་། ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་སྔོན་འགོག་ཚོད་འཛིན་བྱེད་དགོས་པའི་དབང་གིས། 2020ལོའི་དཔྱིད་དུས་ཕྱི་རྒྱལ་གྱི་རི་འཛེག་རུ་ཁག་ལ་སྣེ་ལེན་ཞུ་བའི་ལས་དོན་གནས་སྐབས་ནར་འགྱངས་བྱས་པ་བསྟན་ཡོད།

     སྤྱི་བསྒྲགས་ནང་། མིག་སྔར་རང་རྒྱལ་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་ཀྱང་རིམས་འགོག་གི་ལས་འགན་སྔར་བཞིན་ཛ་དྲག་པོ་ཡོད། ཕྱི་རྒྱལ་དུ་རིམས་ནད་མགྱོགས་མྱུར་མཆེད་པ་ལས་གཏན་མི་འཁེལ་བའི་རྒྱུ་རྐྱེན་མང་པོ་ཡོད་སྟབས། ཕྱི་ནས་འགོ་བའི་རང་བཞིན་དང་འདུ་འཛོམས་རང་བཞིན་གྱི་ཉེན་ཁར་སྣང་ཆུང་གཏན་ནས་བྱ་མི་རུང་། གོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བའི་ཁར་བོད་ཀྱི་ས་བབ་མཐོ་བ་དང་། གསོ་རླུང་དཀོན་པ། སྨན་བཅོས་ཀྱི་ཆ་རྐྱེན་དང་དེ་བཞིན་ཐོན་ཁུངས་ལ་ཚད་བཀག་ཡོད་པས་དབུགས་ལམ་གྱི་ནད་རིགས་སྨན་བཅོས་བྱེད་པར་དཀའ་ངལ་ཤིན་ཏུ་ཆེན་པོ་འཕྲད་ཀྱི་ཡོད། རི་འཛེག་རུ་མིའི་ཚེ་སྲོག་དང་གཟུགས་གཞིའི་བདེ་ཐང་འགན་ལེན་བྱེད་པ་དང་ཆབས་ཅིག ཚོགས་སྒྲིག་ཚོང་པ་དང་རི་འཛེག་ལ་དགའ་པོ་ཡོད་མཁན་ཚོའི་ཁེ་ཕན་སྲུང་སྐྱོང་བྱ་ཆེད། 2020ལོའི་དཔྱིད་དུས་ཕྱི་རྒྱལ་གྱི་རི་འཛེག་རུ་ཁག་ལ་སྣེ་ལེན་ཞུ་བའི་ལས་དོན་གནས་སྐབས་ནར་འགྱངས་བྱེད་པའི་ཐག་བཅད་པ་བསྟན་ཡོད།
     སྤྱི་བསྒྲགས་ནང་། གོ་ལ་ཧྲིལ་པོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་གཞིགས་ནས། ཕྱི་རྒྱལ་གྱི་རི་འཛེག་རུ་ཁག་ལ་སྣེ་ལེན་ཞུ་བའི་ལས་དོན་བབ་བསྟུན་སླར་གསོ་བྱ་རྒྱུ་ཡིན་པ་བསྟན་ཡོད།
     “ཀྲུང་གོའི་གཏན་འབེབས་ལ་ང་མོས་མཐུན་ཡོད། དེ་ནི་འགན་འཁུར་བ་ཞིག་རེད”ཅེས་རྒྱལ་སྤྱིའི་རི་འཛེག་ལམ་ཁྲིད་པ་གྲགས་ཅན་ཨ་ཏེ་ལི་ཨན·པ་ལིན་ཅེ་ཡིས་འབྲེལ་ལམ་སྨྱན་སྦྱོར་ཐོག་ཏུ་གཏན་འབེབས་དེར་རྒྱབ་སྐྱོར་བྱེད་ལུགས་མཚོན་པར་བྱས་ཡོད་ལ། རི་འཛེག་པའི་དོན་དུ་རིན་དོད་ཆེན་པོ་དེ་འདྲ་གཏོང་རིན་མེད་ཅེས་བརྗོད་པ་རེད།
     བོད་ལ་ས་བབ་སྨི་8000ཡན་གྱི་རི་བོ་5དང་། ས་བབ་སྨི་7000ཡན་གྱི་རི་70ལྷག་ཙམ་ཡོད། འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མ་ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་སུ་གནས་པས་རྒྱལ་ཁབ་གཉིས་པོས་ལོ་ལྟར་གྱི་དཔྱིད་དུས་སུ་ཇོ་མོ་གླང་མར་འཛེག་པའི་བྱེད་སྒོ་དུས་གཅིག་ཏུ་སྤེལ་གྱི་ཡོད་པ་དང་། བྱང་ངོས་ཀྱི་རི་འཛེག་བྱེད་སྒོ་བོད་རང་སྐྱོང་ལྗོངས་རི་འཛེག་དོ་དམ་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་ནས་སྤེལ་གྱི་ཡོད། གཞན་ཡང་འཛམ་གླིང་ས་ཕྱོགས་ཁག་གི་རི་འཛེག་ལ་དགའ་པོ་བྱེད་མཁན་ཚོས་ཇོ་བོ་དབུ་ཡག་སོགས་འཛེག་པར་ཡང་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།