བོད་ལྗོངས་ཀྱི་སྨན་བཅོས་རོགས་སྐྱོབ་ཐ་སྐྱོང་འགན་ལེན་གྱི་ནུས་པ་སྐས་རིམ་གསར་པར་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   2019ལོ་ཚུན། ལྗོངས་ཡོངས་ཀྱི་སྨན་བཅོས་འགན་ལེན་ལས་དོན་གྱིས་སྨན་བཅོས་འགན་ལེན་ཁྱབ་ཁོངས་སྒྱུར་བཅོས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ནས་སྨན་བཅོས་འགན་ལེན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་། སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱི་ཐ་སྐྱོང་ནུས་པ་འདོན་སྤེལ་གང་ལེགས་བྱས་པས། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་སོགས་ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོའི་སྨན་བཅོས་འགན་ལེན་གྱི་དབུལ་སྐྱོར་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད། ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ཕྱོགས་ཡོངས་སུ་ཁྱབ་ཐུབ་པ་དང་། སྨན་ཁང་དུ་སྡོད་པར“སྔོན་ལ་སྨན་བཅོས་དང་རྗེས་སུ་སྨན་རིན་རྩིས་རྒྱག་པའི”ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་ནས་ཡོངས་ཁྱབ་ཐུབ་ཚད་98.5%ཟིན་ཡོད།

བོད་ལྗོངས་ཀྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་སྲིད་ཇུས་ཀྱི་རིམ་ངོས་ནས་ཞིང་འབྲོག་ཁུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་ལོངས་སུ་སྤྱོད་པའི་མི་སྣ། ངལ་རྩོལ་ནུས་པ་རྦད་དེ་ཤོར་བའི་དབང་སྐྱོན་ཚབས་ཆེན་མི་སྣ། ཡོང་འབབ་མེད་པའི་མི་ཧྲེང་རྒན་རྒོན་དང་དྭ་ཕྲུག་སོགས་མི་འབོར་དབུལ་པོ་ཚང་མ་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ཀྱི་འགན་ལེན་ཁྱབ་ཁོངས་སུ་བཅུག་པས་མི་འབོར་དབུལ་པོ་ཚང་མ་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་ཐུབ་པ་བྱུང་ཡོད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་མི་སྣར་མི་སྒེར་གྱི་གྲོན་དངུལ་འཇལ་མི་དགོས་པའི་སྲིད་ཇུས་ལག་ལེན་བསྟར་ནས་ནད་ཆེན་འགན་བཅོལ་དང་སྨན་བཅོས་རོགས་སྐྱོབ་ཁྱབ་ཁོངས་ནང་བཅུག་སྟེ། “གྲོང་གསེབ་ཀྱི་མི་འབོར་དབུལ་པོར་ལམ་ལུགས་ཡོངས་ཁྱབ་ཐུབ་པ་དང་། གཞི་རྩའི་སྨན་བཅོས་འགལ་བཅོས་དང་ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་ཁྱབ་ཚད་བཅས་ཚང་མ་100%ཟིན་པའི”ལས་འགན་གྱི་དམིགས་ཚད་བསྒྲུབས་ཡོད་པ་རེད།

སྲིད་ཇུས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད་ནད་ཆེན་འགན་བཅོལ་གྱི་འགན་ལེན་ཆུ་ཚད་སྤྱི་ཡོངས་སྔར་བས་མཐོ་རུ་བཏང་བས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་ལྷག་པར་དུ་མི་འབོར་དབུལ་པོར་ནད་ཚབས་ཆེན་ཕོག་པའི་སྨན་བཅོས་ཀྱི་ཁུར་པོ་ཡང་དུ་ནུས་ལྡན་བཏང་ཡོད།

དེ་དང་ཆབས་ཅིག མི་འབོར་དབུལ་པོར་གཟིགས་སྐྱོང་རང་བཞིན་གྱི་སྨན་བཅོས་རོགས་སྐྱོབ་སྲིད་ཇུས་ལག་ལེན་བསྟར་ཏེ། ལོ་འཁོར་གྱི་རོགས་སྐྱོབ་བཅད་གྲངས་མཐོ་རུ་བཏང་ཡོད། ནད་ཚབས་ཆེན་ཁ་ཚ་དགོས་གཏུག་ངང་སྨན་བཅོས་བྱེད་དགོས་པའི་གནད་དོན་རེ་ཟུང་ལ་ཚོད་འཛིན་མི་ཐེབས་པར་སྤྱི་ཚོགས་རོགས་སྐྱོབ་མཐུན་སྦྱོར་ལས་ཀའི་ལམ་སྲོལ་བེད་སྤྱོད་གང་ལེགས་བྱས་ཏེ། རོགས་སྐྱོབ་བྱ་ཡུལ་གྱི་དཀའ་ངལ་ཚད་གཞི་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་ལས་དོན་རེར་གྲོས་བསྡུར་རེ་དང་། ཆེད་དོན་ཞིབ་འཇུག དུས་བཀག་ལྟར་ཐག་གཅོད་བྱས་པ་བཅས་རེད།

མི་འབོར་དབུལ་པོར་གཟིགས་སྐྱོང་རང་བཞིན་གྱི་སྨན་བཅོས་རོགས་སྐྱོབ་ཀྱི་སྲིད་ཇུས་བཟོས་ཏེ། སྨན་བཅོས་རོགས་སྐྱོབ་ཀྱི་ཐ་སྐྱོང་འགན་ལེན་བྱེད་ནུས་སྔར་བས་ཆེ་རུ་བཏང་ནས་མི་འབོར་དབུལ་པོ་སྨན་བཅོས་དཀའ་བའི་ཁུར་པོ་ཡང་དུ་ཏན་ཏིག་བཏང་ཁར།  “ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་། ནད་གཞིས་རྐྱེན་པས་དབུལ་པོར་བསྐྱར་ལོག་ཐེབས་པའི”སྣང་ཚུལ་ཐོན་རྒྱུ་ནུས་ལྡན་ངང་ཉུང་དུ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།