བོད་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་དམིགས་སའི་རང་བཞིན་གྱི་བྱེད་ཐབས་བཏོན་ཏེ་ཁེ་ལས་ལ་དཀའ་གནད་སེལ་རོགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ཁེ་ལས་དང་རྣམ་གྲངས་ཛ་དྲག་རིམ་ལྡན་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པ་དང་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་སུ། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཁེ་ལས་ཀྱི་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ། གནད་སྨིན་ཞབས་ཞུ་ཅན་གྱི་བྱེད་ཐབས་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང་བཏོན་ནས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱས་ཡོད།

ཁྲལ་དོན་སྡེ་ཚན་གྱིས། སྤ་སེ“དྲ་ཐོག་ནས་རེ་ཞུ་དང་དྲ་ཕྱི་ནས་སྡེབ་སྐྱེལ”ཐུབ་པ་བྱས་པ།

ཟླ་3ཚེས་1ཉིན་ནས་བཟུང་། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་གནད་སྨིན་རམ་འདེགས་བྱེད་པ་དང་། ཁྲལ་སྒྲུབ་ཀྱི་ལས་ཕྱོད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་སོགས་དམངས་ཕན་ཁྲལ་སྒྲུབ་ཀྱི་བྱེད་ཐབས་ནན་པོ་དོན་འཁྱོལ་བྱ་ཆེད། གཞིས་རྩེ་ཁྲལ་དོན་སྡེ་ཚན་གྱིས“དྲ་སྦྲེལ་དང་ཁྲལ་དོན་ཟུང་འབྲེལ”གྱི་ཞབས་འདེགས་ཞུ་ཐབས་ཁྱབ་གདལ་ཤུགས་ཆེན་བཏང་ནས་སྤ་སེ“དྲ་ཐོག་ནས་རེ་ཞུ་དང་དྲ་ཕྱི་ནས་སྡེབ་སྐྱེལ”གྱི་ཞབས་ཞུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་རེད།

ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཀྱང་ཁྲལ་བསྡུའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། “འབྲེལ་འདྲིས་བྱེད་མི་དགོས་པའི”དྲ་ཐོག་གི་ཁྲལ་སྒྲུབ་བྱེད་སྟངས་ཐོག་ནས་སྲིད་ཇུས་དོན་འཁྱོལ་དེ་བས་གནད་ལ་སྨིན་པ་བྱས་ཏེ། ཁེ་ལས་ལ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་རམ་འདེགས་བྱས་ཡོད།

གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་ཅུས་ནས་ཤེས་རྟོགས་བྱུང་བར། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཅུས་དེས་གློག་རྡུལ་ཁྲལ་དོན་ཅུས་དང་། སྒུལ་བདེའི་ཁྲལ་དོན་དུད་སྣེ། སྦྲག་སྐུར་སོགས་དྲ་ཐོག་ཁྲལ་སྒྲུབ་ཕྱོགས་སྟོན་སྒྲིག་བཟོ་ལེགས་སྒྲིག་བྱེད་པ་དང་། “འབྲེལ་འདྲིས་བྱེད་མི་དགོས་པའི”ཁྲལ་སྒྲུབ་ཀྱི་ཞབས་ཞུའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ། ཁྲལ་དོན་ཅུས་དང་ཁེ་ལས་དབར་བརྙན་ལམ་འབྲེལ་མཐུད་བྱས་ཏེ་ཁེ་ལས་ཀྱི་དངོས་ཡོད་དཀའ་ངལ་ཤེས་རྟོགས་བྱེད་པ། ཁེ་ལས་ཀྱི་སེམས་ཁྲལ་སེལ་བ་བཅས་ཀྱི་ཐོག་ནས་ཧུའུ་པེའི་བོད་སྐྱོར་ཁེ་ལས་ལ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་རམ་འདེགས་བྱས་ཡོད།

ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས། འཐབ་ས་དང་པོར་ལས་འགོ་བསྐྱར་འཛུཌ་དང་ཐོན་སྐྱེད་སླར་གསོར་ཞབས་འདེགས་ཞུས་པ།

ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་ཁག་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་མང་བར་དམིགས་ཏེ། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“རིམས་ནད་ལ་སྣང་ཆེན་དང་། མཛུབ་ཁྲིད་ལ་ཤུགས་སྣོན། སྤུས་ཚད་ལ་ཚོད་འཛིན། དམངས་འཚོ་འགན་ལེན”བཅས་ཀྱི་ལྟ་འདོམས་ཀྱི་འདུ་ཤེས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་པའི་ཁེ་ལས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ནས་འཐབ་ས་དང་པོའི་མཛུབ་ཁྲིད་ལས་དོན་སྤེལ་བ་རེད།

ཉེ་ཆར། གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། ཅུས་དེས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་འོག ནུས་ཆེ་སྟབས་བདེའི་ཐོ་འགོད་འཇུག་འཁྲོལ་གྱི་ཞབས་འདེགས་ཞུས་ནས་འཕྲལ་སྡོམ་ཞིབ་མཆན་གྱི་ལྗང་མདོག་བགྲོད་ལམ་གཏོད་པ་དང་། འཇུག་འཁྲོལ་ཆོག་འཐུས་ཞབས་ཞུ་ལེགས་སུ་གཏོང་བ། དམིགས་བསལ་སྒྲིག་ཆས་ལས་སྒྲུབ་མི་སྣའི་ལག་ཁྱེར་ལ་བསྐྱར་དུ་ཞིབ་མཆན་འགོད་པའི་སྲིད་ཇུས་འོས་འཚམ་གྱིས་ལྷུག་ཏུ་གཏོང་བ། གང་བྱུང་དུ་འགྲོ་གྲོན་བསྡུ་བ་དང་གོང་ཚད་སྤོར་རིགས་ལ་ཞིབ་བཤེར་ནན་པོ་བྱེད་པ་སོགས་བྱེད་ཐབས་སྣ་མང་ཐོག་ནས་ཁེ་ལས་ལ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་རམ་འདེགས་བྱས་ཡོད།

དངུལ་རྩའི་སྡེ་ཚན་གྱིས། ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ།

གསར་འགོད་པར་ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། དངུལ་ཁང་དེས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག ཆེད་ལས་ཅན་གྱི་ཕྲན་ཚེགས་དངུལ་རྩའི་ཞབས་ཞུ་ཚོགས་པ་བཙུགས་ཏེ། གཏའ་འཇོག་དངོས་པོ་ཡོད་པ་མ་ཟད་ལས་གཉེར་ཡོང་འབབ་རྒྱུན་གཏན་ལྟར་ཡོད་པའི་ཕྲན་ཚེགས་ཁེ་ལས་ལ“གཏའ་འཇོག་གིeབུན་གཏོང”གི་ཐོན་རྫས་མཁོ་འདོན་གྱིས་དྲ་ཐོག་ནས་མ་དངུལ་སྤྱད་དེ་སྐྱེད་ཀར་གཟིགས་སྐྱོང་བྱས་པ་དང་། ཁྲལ་འཇལ་གནས་ཚུལ་ཅུང་ལེགས་པའི་ཕྲན་ཚེགས་ཁེ་ལས་ལ“ཁྲལ་འཇལ་གྱིeབུན་གཏོང”གི་ཐོན་རྫས་མཁོ་འདོན་གྱིས་དུས་ངེས་མེད་ལ་བུ་ལོན་གཡར་ཆོག་པ་དང་སློག་ཆོག་པར་བྱས་ནས་སྟབས་བདེ་བསྐྲུན་པ། དམིགས་བསལ་གྱི་དུས་སུ་ནུས་པ་འདོན་མཁན་སྨན་རྫས་ལས་རིགས་ལ“སྨན་ཚོང་ཁང་གིeབུན་གཏོང”གི་ཐོན་རྫས་མཁོ་འདོན་གྱིས་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་། མ་དངུལ་བསྡུ་སྒྲིལ་གྱི་རིན་གོང་མཐོ་བ། མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་ཡངས་པོ་མེད་པ་སོགས་ཀྱི་དཀའ་གནད་ནུས་ལྡན་བསལ་བ། དཔལ་འབྱོར་སྟོབས་ཤུགས་བལྟོས་བཅས་ཀྱིས་ཞན་པའི་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ལ“རྩྭ་ར་འགན་གཙང་གཉེར་སྐྱོང་དབང་ཆ་དང་ཉེན་ཁའི་ཁ་གསབ་དངུལ་ཟུང་འབྲེལ”གྱིས་ཁག་ཐེག་བྱེད་པའི་བྱེད་ཐབས་གསར་གཏོད་བྱས་ཏེ། ཁྱབ་གདལ་བཏང་བ་དང་ཡིད་རྟོན་དངུལ་བུན་གྱི་མ་དངུལ་བསྡུ་སྒྲིལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་ལས་རྩ་འཛུགས་ཀྱི“མ་དངུལ་བསྡུ་སྒྲིལ་དཀའ་བ་དང་ཁག་ཐེག་དཀའ་བའི”གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད།

ཉིན་ཤས་བསྟུད་མར་ཞིང་ལས་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་གིས་ཁོངས་གཏོགས་ཁུལ་གྱི་སྨན་ཁང་དང་ཁེ་ལས་ཀྱི་ཕྱིར་སྡུད་དངུལ་སྨར་འགྲོ་རྒྱུག་ཆེ་བའི་དངོས་ཡོད་གནས་ཚུལ་ལ་དམིགས་ནས། དམིགས་བསལ་གནད་དོན་ལ་དམིགས་བསལ་ཐག་གཅོད་བྱས་ནས་རིམས་འགོག་གི་ཆེད་སྤྱོད་དངུལ་བུན་བཏང་སྟེ་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་བསྐངས་ཡོད།

རིམས་ནད་ཐོན་ཚུན་དུ་མང་ཚོགས་ཀྱི་དངུལ་སྨར་ལས་སྒོ་སྒྲུབ་པའི་བདེ་འཇགས་ཆེ་རུ་གཏོང་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་མངའ་རིས་ས་ཁུལ་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཐབས་མང་མཉམ་སྤྱོད་ཀྱིས་མང་ཚོགས་ལ་བདེ་འཇགས་ལྡན་པའི་དངུལ་གཙང་མ་བློ་བདེ་པོས་སྤྱོད་རྒྱུ་ཡོང་བར་བྱས་ཡོད། ཚུར་བསྡུའི་དངུལ་སྨར་ལ་དུག་སེལ་བྱས་པ་ཕུད། ལས་སྒོ་སྒྲུབ་རིང་དངུལ་ཁང་གིས་ད་དུང་དུས་བཀག་ལྟར་ATMདངུལ་ལེན་འཕྲུལ་ཆས་དང་། འབོད་གཏོང་ཡོ་ཆས། ལས་སྟེགས་སོགས་མི་རྣམས་ཀྱིས་ལག་པ་ཐུག་མང་སར་ཅིའུ་ཅིང་གིས་དུག་སེལ་གཙང་མ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།