ཉིང་ཁྲི་གྲོང་ཁྱེར་གྱི་དཔྱིད་རྨོད་ཀྱི་འཐབ་ས་དང་པོའི་མཐོང་ཐོས།

6a1285b8-0c94-401c-8f41-629e580bfcf7.jpg.1.jpg

འདི་ནི་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀླུ་སྟེང་གྲོང་ཚོའི་མང་ཚོགས་ཀྱིས་ཞིང་ནང་དུ་རྩྭ་ངན་འཐོག་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་ཀྱི་བསིལ་རླུང་ལྡང་བའི་དུས། སོ་ནམ་པ་རྣམས་ལས་ལ་བྲེལ། ཉིང་ཁྲི་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་ཁག་གི་ཞིང་ནང་དང་མུ་ཁར་བསྐྱོད་སྐབས་མི་རྣམས་དཔྱིད་རྨོད་ལས་ལ་བྲེལ་བཞིན་ཡོད་པ་དང་། འགའ་རེས་རྨོད་རྒྱག་བཞིན་སོན་གཏོར་བ་དང་། ཞིང་ཆུ་འདྲེན་པ། ལུད་རྒྱག་པ་སོགས་བྱེད་པ་དང་། འགའ་རེས་ཡལ་གཅོད་རྒྱག་པ་དང་། རྩྭ་ངན་བཀོག་པ་སོགས་ཀྱི་ལས་ལ་ཚ་ཚ་འུར་འུར་ངང་བྲེལ་བཞིན་ཡོད་པས་ཡངས་ཤིང་རྒྱ་ཆེ་བའི་ས་གཞིར་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།“ལས་ལ་བརྩོན་ན་དཔྱིད་ཀ་ཤར་བ་སྔ། ཞིང་ནང་དཔྱིད་རྨོད་ལས་ལ་བྲེལ”ཞེས་པའི་གསོན་ཉམས་དོད་པའི་དཔྱིད་དཔལ་ཞིག་ཀྱང་ངང་གིས་མངོན།

བཟའ་འབྲུ་འདང་ངེས་ཡོད་ན་དངངས་འཚབ་བྱེད་དགོས་མེད། ཉིན་ཤས་བསྟུད་མར་ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་སྔོན་ནས་ལག་པ་འགུལ་བ་དང་སྔོན་ནས་བཀོད་སྒྲིག་བྱས་ཏེ་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་། ཉེར་སྤྱོད་ལག་རྩལ་གསོ་སྦྱོང་བྱེད་པ། ཞིང་སྤྱོད་དངོས་ཟོག་དང་རྫས་ལུད་གྲ་སྒྲིག་བྱེད་པ་སོགས་བརྒྱུད་ལོ་འཁོར་མོར་ལོ་ལེགས་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་ནས་དཔྱིད་རྨོད་དཔྱིད་འདེབས་ཀྱི་གོ་སྐབས་དམ་འཛིན་ལྷོད་མེད་བྱས་ཡོད། 

རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་ས་མ་གྲོང་ཚོའི་གྲོང་མི་བསོད་ནམས་དབང་མོས་ཞོགས་པ་སྔ་པོ་ནས་ཞིང་ནང་དུ་ལུད་དབོར་བཞིན་ཡོད། “ལྗང་པ་སྐྱེ་འཚར་ཡག་པོ་ཡོང་མིན་དེ་ལུད་ལ་ཐུག་ཡོད། ཉིན་འདི་དག་རིང་ང་ཚོས་དཔྱིད་རྨོད་ལ་བྲེལ་བཞིན་ཡོད་པས་འདི་ལོ་སྔར་བས་ཐོན་འབབ་ཡག་པོ་ཡོང་བའི་རེ་བ་ཡོད”ཅེས་ཚ་གདུག་ཆེ་བའི་ཉི་འོད་འོག་བསོད་ནམས་དབང་མོས་རྔུལ་ཆུ་འཕྱིད་བཞིན་དུ་དེ་ལྟར་བརྗོད།

སྣང་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ལས་དོན་མི་སྣས་གདམ་གསེས་ཡག་པོ་བྱས་པའི་སྣང་རྫོང་གི་སུར་པན་གྱི་སོན་རྒྱ་མ་90ཐུམ་སྒྲིལ་བརྒྱབ་སྟེ་རྫོང་ནང་གི་འགྱིག་ཤོག་དྲོད་ཁང་གི་འདེབས་འཛུགས་ས་ཚིགས་སུ་བསྐུར། སུར་པན་གྱི་སོན་ཕུད་སྣང་རྫོང་གིས་ད་དུང་མང་ཚོགས་ལ་སྔོ་ཚལ་གྱི་སོན་རྒྱ་མ་21དང་འགྱིག་ཤོག་དྲོད་ཁང་112ལ་འདང་བའི་འགྱིག་ཤོག་སྲབ་མོ་ཐག་གཅོད་བྱས་ཡོད།

ཉིང་ཁྲི་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས་ཞིང་སྤྱོད་དངོས་ཟོག་གྲ་སྒྲིག་ཡག་པོ་བྱས་པ་དང་། དཔྱིད་རྨོད་ལ་མཁོ་བའི་རྫས་ལུད་དང་། ཞིང་སྨན། སོན། ཞིང་སྤྱོད་འཕྲུལ་ཆས་སོགས་ཞིང་སྤྱོད་དངོས་ཟོག་དབོར་འདྲེན་གྲབས་གསོག་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ་དང་།  དུས་ཐོག་ཏུ་མང་ཚོགས་སྒྲིག་འཛུགས་བྱས་ཏེ་སྔ་སྣུར་དུ་ཞིང་སྤྱོད་འཕྲུལ་ཆས་ལ་ཞིབ་བཤེར་ཉམས་བཟོ་བྱས་ཡོད། མང་ཚོགས་ཀྱིས་ཞིང་སྤྱོད་འཕྲུལ་འཁོར་སྤྱད་ནས་རྨོད་རྒྱག་པ་དང་ཞིང་ཁ་འདེབས་པ་སོགས་བྱ་རྒྱུར་ཁྲིད་སྟོན་སྐུལ་ལྕག་བྱས་པ་དང་འབྲེལ། ཞིང་སྤྱོད་དངོས་ཟོག་གི་ཁྲོམ་རའི་མཁོ་སྤྲོད་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ་དཔྱིད་རྨོད་སྐབས་སུ་ཞིང་སྤྱོད་དངོས་ཟོག་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱས་ཡོད། མིག་སྔའི་བར། ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་ཁག(ཆུས)གིས་ཁྱོན་རྫས་ལུད་ཏུན་1700ཙམ་གཏོང་འདྲེན་དང་དཔྱིད་རྨོད་ལ་སྤྱོད་པའི་ཞིང་འཕྲུལ་དང་ཞིང་ལས་ཡོ་ཆས་ཁྲི་2.4ཙམ་ཐག་གཅོད་བྱས་ཏེ་དཔྱིད་རྨོད་ཐོན་སྐྱེད་ཀྱི་དགོས་མཁོ་བསྐངས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

མིག་སྔ་ནི་དཔྱིད་རྨོད་དང་ཞིང་ནང་གཡོག་བྱེད་ཀྱི་འགག་རྩའི་དུས་ཡིན་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ཞིང་ལས་ལག་རྩལ་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཞིང་ནང་དང་མུ་ཁར་བསྐྱོད་དེ་ལག་རྩལ་གསོ་སྦྱོང་དང་མཛུབ་ཁྲིད་བྱས་ཏེ་འདེབས་འཛུགས་ཀྱི་འགག་རྩའི་ལག་རྩལ་དམིགས་སར་འབྱོར་ཚད་མཐོ་རུ་བཏང་ཡོད།

“གྲོང་ཚོས་བཀོད་སྒྲིག་བྱས་པའི་ལག་རྩལ་མཛུབ་ཁྲིད་དངོས་འབྲེལ་བརྣག་ཐོག་བཙག་འཁེལ་བྱུང་བས་ང་ཚོའི་གནད་དོན་མི་ཉུང་བ་ཞིག་ཐག་གཅོད་ཐུབ་སོང”ཞེས་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་དམག་སྡེ་གྲོང་ཚོའི་གྲོང་མི་པ་སངས་ཀྱིས་བརྗོད་པ་དང་། ཁོང་གིས་ཤིས་ཀྭ་འདེབས་འཛུགས་ཀྱི་གསོ་སྦྱོང་ནང་ཞུགས་རྗེས་ལག་རྩལ་ཡག་པོ་ཤེས་བྱུང་བས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་ཐུབ་པའི་རེ་བ་ཡོད་ཅེས་བརྗོད།

ཉིན་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་ཁག་གིས་ཞིང་དར་ཞིང་ཕན་གྱི་སྲིད་ཇུས་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་དུས་མཚུངས། ད་དུང་གཞི་རིམ་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་ཞིང་ནང་དང་མུ་ཁ་དང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་དཔྱིད་རྨོད་དཔྱིད་འདེབས་དང་། ལོ་ཏོག་གི་གནོད་འབུ་འགོག་པ། རྒྱུན་གཏན་གཡོག་བྱེད་སོགས་ཀྱི་ཆ་འཕྲིན་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་དང་། ཞིང་པ་མང་ཚོགས་ཀྱིས་སྔ་སྣུར་དུ་ཞིང་ནང་དུ་རྨོད་རྒྱག་པ་དང་སོ་ནམ་གྱི་དུས་ཚོད་དམ་འཛིན་དང་། དཔྱིད་རྨོད་ཐོན་སྐྱེད་དམ་འཛིན་བཅས་བྱས་ནས་སྤུས་ལེགས་ཁྱད་ལྡན་གྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཆུ་བསྲི་ཆུ་འདྲེན་གྱི་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་འབྲེལ་དུས་ཐོག་ཏུ་དཔྱིད་རྨོད་གནམ་གཤིས་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས་ཞིང་པ་མང་ཚོགས་ཀྱིས་དུས་ཐོག་ཏུ་དཔྱིད་རྨོད་ཐོན་སྐྱེད་ཀྱི་ཆ་འཕྲིན་ཁོང་དུ་ཆུད་པ་དང་ཤེས་རྟོགས་ཐུབ་པར་བྱས་ཏེ་དཔྱིད་རྨོད་ཐོན་སྐྱེད་ལ་འགན་ལེན་དེ་བས་མང་བ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།