གནས་སྤོས་སྣོད་བཅུད་ཀྱི་འཚོ་བ་གསར་པ།

——བོད་ལྗོངས་གཞིས་རྩེའི་ལྷ་རྩེ་རྫོང་མིག་དམར་གྲོང་ཚོར་གནས་སྡོད་བཅར་འདྲི་བྱས་པའི་ཟིན་ཐོ།

ངག་དབང་འཕྲད་སྐབས་ཁོང་ལ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་དབུལ་སྐྱོར་ཐོན་ལས་གླིང་ནས་གླ་ཆ་སྒོར་ཁྲི་1.4རག་མ་ཐག་ཡིན་པས་དགའ་སྣང་ཆེན་པོ་བྱེད་བཞིན་འདུག

འདི་ནི་ངག་དབང་གིས་རང་ཁྱིམ་གྱི་སྒོ་འགྲམ་དུ་ཡོད་པའི་བོད་རུམ་འཐག་ལས་མཉམ་ལས་ཁང་དུ་དཀའ་ལས་བརྒྱབ་ནས་ལོ་ཕྱེད་སོང་རྗེས་བསགས་པའི་ཡོང་འབབ་ཡིན། ཁོང་ནི་དེ་སྔོན་གྱི་སྡོད་གནས་གཏན་འཁེལ་མེད་པའི་ལས་མི་དཀྱུས་མ་ཞིག་ནས་ལག་རྩལ་ཤེས་པ་དང་འཇོན་ཐང་ལྡན་པའི་འཁལ་འཐག་བཟོ་པ་ཞིག་ཏུ་གྱུར་ཡོད། གྲོང་ཚོའི་ནང་ཁོང་དང་འདྲ་བའི་མང་ཚོགས་30ལ་དབུལ་སྐྱོར་ཐོན་ལས་གླིང་དུ་ལས་ཞུགས་བརྟན་པོ་བྱུང་ཡོད།

ངག་དབང་གནས་སའི་མིག་དམར་གྲོང་ཚོ་ནི་ལྷ་རྩེ་རྫོང་གྲའུ་ཤང་དུ་གནས་ཡོད། ལོ་3གོང་གྲོང་ཚོ་ཡོངས་ཀྱི་དུད་ཚང་46གི་མི་244ད་དུང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4800ཟིན་པའི་རི་ཁུག་ཏུ་འཚོ་བ་སྐྱེལ་བ་དང་ཕྱུགས་འཚོར་བརྟེན་དགོས་ཀྱི་ཡོད། སྐབས་དེ་དུས་ཁོང་ཚོ་རྡོ་དང་ཤིང་ལས་གྲུབ་པའི་ཉེན་ཁ་ཡོད་པའི་ཁང་པའི་ནང་སྡོད་ཀྱི་ཡོད་པ་དང་། མི་ཕྱུགས་གཉིས་ཀྱིས་གངས་འཁྱགས་བཞུར་བའི་ཆུ་འཐུང་ཞིང་། གློག་སྤྱོད་སྐབས་འོད་ཤུགས་གློག་ལེབ་ཆུང་ཆུང་ཞིག་ལ་བརྟེན་དགོས་ཀྱི་ཡོད། མ་ཟད་གྱ་མ་གྱུར་གྱི་ས་རྡུལ་ལམ་ཆུང་ནི་ཕྱིར་བསྐྱོད་པའི་ལམ་གཅིག་པུ་དེ་རེད།

ཇི་ལྟར་བྱས་ནས་རང་བྱུང་ཁོར་ཡུག་ཧ་ཅང་ཞན་པ་དང་ཐོན་སྐྱེད་ཐོན་ཁུངས་ཧ་ཅང་དཀོན་པའི་མིག་དམར་གྲོང་ཚོའི་དབུལ་ཞྭ་འབུད་རྒྱུ་ནི་དེ་སྔ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་རྫོང་དང་ཤང་གི་ལས་བྱེད་པའི་སེམས་ནད་ཅིག་རེད།

བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད་མིག་དམར་གྲོང་ཚོར་གནས་སྤོས་དབུལ་སྐྱོར་ལག་ལེན་བསྟར་རྒྱུ་དེ་ཉིན་རེའི་གྲོས་རིམ་ཐོག་བཞག་ཡོད། འཆར་འགོད་ལ་གཞིགས་ན་གྲོང་ཚོ་ཧྲིལ་པོ་ས་བབ་དམའ་བའི་ལྷ་རྩེ་རྫོང་གྲོང་གི་གྲོང་ཁུལ་གསར་པར་སྤོ་རྒྱུ་རེད།

"ང་ཚོ་སྔ་ས་ནས་སྤོ་འདོད་ཡོད"ཅེས་ལོ་41ལ་སླེབས་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པད་མས་བཤད་པ་དང་། ཁོང་གིས་དེ་སྔ་མིག་དམར་གྲོང་ཚོར་འཐུང་ཆུ་དཀོན་པ་དང་ཕྱིར་སྐྱོད་དཀའ་བ། གློག་སྤྱོད་དཀའ་བ། སྨན་པ་བསྟེན་དཀའ་བ་བཅས་ཡོད། རི་གཤམ་གྱི་གྲོང་ཚོ་གཞན་དག་འཕེལ་རྒྱས་ཡག་པོ་འགྲོ་བཞིན་ཡོད་པ་མཐོང་སྐབས་གྲོང་མི་མང་ཆེ་བར་ས་ཆ་གཞན་དུ་སྤོ་རྒྱུའི་བསམ་བློ་ཡོད། "ཤང་གི་ལས་བྱེད་པས་གནས་སྤོས་བྱ་རྒྱུའི་བསམ་འཆར་བསྡུ་ལེན་བྱེད་སྐབས་ཁས་མི་ལེན་མཁན་མི་འདུག"ཅེས་བཤད།

ཚན་རིག་དང་མཐུན་པའི་འཆར་འགོད་བྱས་པ་བརྒྱུད་སྣོད་བཅུད་འཚོ་སྡོད་ལ་འཚམ་པའི"མིག་དམར་ཁུལ་ཆུང"རྫོང་གྲོང་དུ་བསྐྲུན་ཞིང་། མིག་དམར་གྲོང་ཚོའི་དུད་ཚང་46ཚང་མ་ཐོག་སོ་ཉིས་ལྡན་གྱི་བོད་བཟོའི་སྡོད་ཁང་གསར་པར་སྤོས་པ་དང་། ཚོམས་ཆེན་དང་ཉལ་ཁང་། ཐབ་ཚང་། གསང་སྤྱོད། མཛོད་ཁང་སོགས་གང་དགོས་ཚང་ཡོད། ཁུལ་ཆུང་ནང་དུ་རིག་གནས་བྱེད་སྒོའི་ཐང་ཆེན་དང་སྤྲོ་གསེང་ཁུལ། སྔོ་ལྗང་ཁུལ་སོགས་ཚང་མ་འཛོམས་ཡོད།

"དབུལ་པོའི་སྡོད་ཁང"སྤོས་རྗེས་ད་དུང"དབུལ་པོའི་རྩ་བ"བཀོག་ནས་གནས་སྤོས་མང་ཚོགས་ཀྱི་འཚོ་ཐབས་འགན་ལེན་བྱེད་པའི་ཐོན་ལས་གླིང་དེ་བསྟུན་བསྐྲུན་ཡོད། གསར་འགོད་པས་ལྷ་རྩེ་རྫོང་ཞིང་ལས་དཔེ་སྟོན་གླིང་དང་དབུལ་སྐྱོར་ཐོན་ལས་གླིང་། གནས་སྤོས་མང་ཚོགས་ཀྱི་ཁྱིམ་ཚང་བཅས་སུ་བཅར་འདྲིར་བསྐྱོད་པ་ཡིན།

ཆོས་འཕེལ་ཚེ་རིང་གི་ཁྱིམ་ཚང་ནི་སྔོན་ཆད་མིག་དམར་གྲོང་ཚོའི་ཁྱིམ་ཚང་དབུལ་ཤོས་ཤིག་ཡིན། ཁོང་དང་ཨ་མ་མཚམས་ཆུང་ལ་ཚད་གཞི་མི་འདྲ་བའི་མིག་ནད་ཡོད་པས་རི་ལ་ཕྱུགས་འཚོ་བར་བསྐྱོད་མི་ཐུབ་ལ་ཕྱིར་གླ་པར་བསྐྱོད་ཐབས་ཀྱང་མེད། གནས་སྤོས་མ་བྱས་གོང་ཁྱིམ་ཚང་དེས་ལུག་6དང་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་དགོས་ཀྱི་ཡོད།

གསོ་སྦྱོང་བྱས་པ་བརྒྱུད་ཆོས་འཕེལ་ཚེ་རིང་ཉེ་འགྲམ་གྱི་ཐོན་ལས་གླིང་དུ་སློབ་མའི་གྱོན་གོས་འཚེམ་པར་བཀོད་སྒྲིག་བྱས་པས་ལོ་ལྟར་ཡོང་འབབ་སྒོར་ཁྲི་1ཡོང་གི་ཡོད། དེའི་རིང་ད་དུང་ལྷ་རྩེ་གྲོང་རྡལ་གྱི་བུ་མོ་ཟླ་ལགས་དང་གཉེན་སྒྲིག་བྱས་ཡོད། ཟླ་ལགས་ལ་ལོ་རེར་ཕྱི་ཕྱོགས་སུ་ཞོར་ལས་ལ་འགྲོ་བའི་ཡོང་འབབ་སྒོར་ཁྲི་2ལས་བརྒལ་བ་ཡོད།

"ང་ཚོའི་ཁྱིམ་གྱིས་གཉེར་བའི་ཚོང་ཁང་ལའང་ལོ་ལྟར་ཡོང་འབབ་སྒོར་ཁྲི་1ཙམ་ཡོད། དེའི་ཁར་དབང་པོ་སྐྱོན་ཅན་གྱི་ཁ་གསབ་རོགས་དངུལ་དང་རྒན་གསོའི་འཚོ་དངུལ་སོགས་སྲིད་ཇུས་རང་བཞིན་གྱི་ཁ་གསབ་རོགས་དངུལ་སྣ་ཚོགས་ཡོད་པས་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་འདུག"ཅེས་ཆོས་འཕེལ་ཚེ་རིང་གིས་བརྗོད་པ་དང་། ཁོང་དང་འདྲ་བར་ཐོན་ལས་གླིང་དུ་ལས་ཀ་བྱེད་མཁན་མིག་དམར་གྲོང་ཚོའི་གྲོང་མི་མང་པོ་ཡོད།

གྲོང་ཚོ་གསར་པའི་འཚོ་བ་ཧ་ཅང་སྐྱིད་པོ་ཡོད་པ་དང་གྲོང་ཚོ་རྙིང་པའི་རྩྭ་ར་ནི་འཕྲོ་བརླག་ཏུ་ཕྱིན་མེད། གསར་འགོད་པས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ལྷག་ཙམ་ཡོད་པའི་ཉག་ག་ནས་མར་ལྟ་སྐབས། རྡོ་དང་ཤིང་ལས་གྲུབ་པའི་ཁང་པ་བཅུ་ཕྲག་འགའ་ཡོད་པའི་རི་གྲོང་ཆུང་ཆུང་ཞིག་རི་ཁུག་ཏུ་གནས་ཤིང་འཇམ་ཐིང་ངེར་སྣང་། འདི་ནི་གནས་སྤོས་མ་བྱས་གོང་གི་མིག་དམར་གྲོང་ཚོ་ཡིན།

2019ལོའི་ཟླ་6པར་མིག་དམར་གྲོང་ཚོའི་ནོར་ལུག་མཉམ་ལས་ཁང་དངོས་སུ་བཙུགས་ཡོད། གྲོང་མི་ཚོས་ནོར་ལུག་དང་དངུལ་སྨར་འཇོག་པའི་རྣམ་པའི་ཐོག་ནས་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་པ་དང་། ལུག་རྫི་6བདམས་ནས་མིག་དམར་གྲོང་ཚོའི་དེ་སྔའི་གནས་ཡུལ་དུ་ཕྱུགས་འཚོ་ཞིང་། ཕྱུགས་རིགས་གཅིག་གྱུར་ཐོག་དོ་དམ་དང་གཉེར་སྐྱོང་བྱས་ནས་ལོ་མཇུག་སྐབས་བསྡུར་ཚད་ལ་གཞིགས་ཏེ་ཁེ་སྤོགས་བགོ་བཤའ་རྒྱག་གི་ཡོད།

པད་མ་དང་གྲོང་མི་ཚོས་དེ་ནི་ཐབས་ཤེས་བཟང་པོ་ཞིག་ཡིན་པར་ངོས་འཛིན་བྱེད། གྲོང་ཚོ་ཡོངས་གནས་སྤོས་བྱས་རྗེས་རྩྭ་ར་མུའུ་ཁྲི་26ཚང་མ་རང་བྱུང་ཁམས་ལ་ཕྱིར་བསློགས་པས་ནོར་ལུག་ལའང་ཡངས་ཤིང་རྒྱ་ཆེ་བའི་འཚོ་ས་བྱུང་ཡོད། མཉམ་ལས་ཁང་གིས་གཅིག་སྡུད་ཐོག་དོ་དམ་བྱས་པས་ཕྱུགས་འཚོ་ཐལ་དྲགས་པ་གཡོལ་ཐུབ་ཅིང་། རི་མཐོའི་རྩྭ་ར་རྒྱུན་མཐུད་ངང་བེད་སྤྱོད་གཏོང་རྒྱུ་བྱུང་བ་མ་ཟད་སྣོད་བཅུད་ཁོར་ཡུག་ཀྱང་སྔར་བས་སྲུང་སྐྱོང་ཐུབ་ཡོད།

དེ་སྔའི་གཡང་གཟར་ཡམ་ཡོམ་གྱི་ས་རྡོའི་ལམ་ནི་མིག་དམར་གྲོང་ཚོའི་མི་རྣམས་ཀྱི་ཐུན་མོང་གི་དྲན་ཤེས་རེད། ད་ཆ་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་པའི་ལམ་བུའི་ཐོག་གཞོན་ནུ་ཚོས་འཚོ་བ་གསར་པར་ཡིད་སྨོན་ཆེན་པོ་བཅངས་བཞིན་ཡོད།

ལོ་16ལ་སླེབས་པའི་མིག་དམར་གྲོང་ཚོའི་པ་སངས་སྒྲོལ་མ་ནི་ད་ཆ་རྫོང་གྲོང་སློབ་འབྲིང་དུ་དམའ་རིམ་སློབ་འབྲིང་ལོ་རིམ་གསུམ་པ་འགྲིམ་བཞིན་ཡོད། "དུས་སང་གཞིས་རྩེ་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་དང་པོར་རྒྱུགས་འཕྲོད་པར་ངར་ཡིད་ཆེས་ཡོད་ལ། ཕྱིས་སུ་ནང་སར་སློབ་ཆེན་འགྲིམ་ཐུབ་པའི་རེ་བ་ཡོད"ཅེས་བརྗོད་པ་དང་། ཁོ་མོས་ཅུང་ངོ་ཚ་བའི་ངང"ངའི་སེམས་སུ་ཉེན་རྟོག་པ་ནི་ལས་གནས་རྫིག་པོ་ཞིག་རེད་འདུག"ཅེས་བརྗོད།

2019ལོའི་ཟླ་5པར་ལོ་28ལ་སླེབས་པའི་བསོད་ནམས་བཀྲ་ཤིས་གནམ་གྲུར་བསྡད་ནས་རྒྱལ་ས་པེ་ཅིང་དུ་སླེབས་ཡོད། ཐེངས་དེར་ཁོང་དང་ཁོང་གི་ཕ་ཡུལ་གཅིག་པ་ཚོས་པེ་ཅིང་དུ་འཚོགས་པའི་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་ཐོག《སྒྲ་སྙན་དཔྱིད་ཀྱི་བསྟོད་གླུ》ཞེས་པ་སྒྲ་སྙན་དང་ཉམས་འགྱུར་ལྡན་པའི་ཞབས་བྲོའི་སྟངས་སྟབས་བརྒྱུད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་ལྷ་རྩེའི་སྟོད་གཞས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོའི་སྤྱན་ལམ་དུ་ཕུལ་ཡོད།

"སྔོན་ལ་ནང་སྦྱོང་བྱས་པ་བརྒྱུད་སྟངས་སྟབས་ཁག་གོམས་པས་ཞབས་བྲོ་རྒྱག་སྐབས་སྐྱིད་སྣང་ཆེན་པོ་འདུག"ཅེས་བསོད་ནམས་བཀྲ་ཤིས་ཀྱིས་བརྗོད་པ་དང་། "པེ་ཅིང་དེ་འདྲའི་ཡག་པ་ལ་ཨང་། ཀྲུང་གོ་དེ་འདྲའི་རྒྱ་ཆེ་བ་ལ་ཨང་། ང་ད་དུང་ལྟ་བར་འགྲོ་འདོད་ཡོད"ཅེས་ཁོང་གིས་བརྗོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།