འབྱོར་འབྲིང་སྤྱི་ཚོགས་སུ་ཐུམ་འབུའི་ནད་གཏན་ནས་མི་ཐོན་པ་བྱ་རྒྱུ་རེད།

——བོད་ལྗོངས་ཀྱིས་ཐུམ་འབུའི་ནད་ཀྱི་འགོག་བཅོས་ལས་དོན་སྤེལ་བའི་སྐོར་བཀོད་པ།

གླེང་གཞི།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་དེ་བཞིན་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་འོག རང་ལྗོངས་ཀྱིས་སྔ་རྗེས་སུ་ལྗོངས་ཕྱིའི་རིགས་གཅིག་མཁས་ཅན་500ལྷག་ཙམ་བོད་དུ་ཡོང་རྒྱུར་མཐུན་སྦྱོར་སྒྲིག་འཛུགས་བྱས་པ་དང་། ལྗོངས་ནང་ཁུལ་གྱི་སྨན་དོན་མི་སྣ་3000ལྷག་ཙམ་ལས་གྲུབ་པའི་གྲལ་བཤེར་ཚོགས་ཆུང་800ལྷག་ཙམ་དང་མཉམ་དུ་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་དང་གྲོང་ཚོ་ཁག་ཏུ་གྲལ་བཤེར་ལས་དོན་སྤེལ་བར་བསྐྱོད་ཅིང་། དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ་2017ལོ་དང་། 2018ལོ། 2019ལོ་བཅས་ལོ་གསུམ་གྱི་ལས་ཀའི་ལས་འབོར་ལོ་གཅིག་ནང་ཚུན་དུ་ལེགས་གྲུབ་བྱས་པས། བོད་ཀྱི་ཡུལ་ནད་དང་འགོ་ནད་སྔོན་འགོག་ཚོད་འཛིན་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་ཡོད་པ་རེད།

2017ལོའི་ཟླ་11པར། བཅིངས་འགྲོལ་དམག་སྨན་ཁང་302དུ་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་གྲི་གུ་གྲོང་ཚོའི་གྲོང་མི་བསྟན་འཛིན་གཡུ་སྒྲོན་གྱིས་རང་ཉིད་ལ་གཤགས་བཅོས་བྱེད་མཁན་གྱི་གཙོ་བཅོས་སྨན་པ་སྨན་ཁང་302མཆིན་མཁྲིས་ཕྱི་ནད་ཚན་ཁག་གཉིས་པའི་ཀྲུའུ་རེན་ལིའུ་ཀྲེན་ཝུན་གྱི་བསྐྱར་ཞིབ་བསམ་འཆར་ཉན་སྐབས་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར།

བསྟན་འཛིན་གཡུ་སྒྲོན་དང་མཉམ་དུ་དྲག་སྐྱེད་བསྐྱར་ཞིབ་བྱེད་པར་ཡོང་མཁན་ད་དུང་རང་ཉིད་ཀྱི་ལོ་11ལ་སླེབས་པའི་བུ་མོ་ཕུན་ཆུང་ཡོད།

བསྟན་འཛིན་གཡུ་སྒྲོན་ནང་ཚང་ནི་འབྲོག་པ་ཡིན་སྟབས་ཁྱིམ་དུ་ལུག་70དང་འབྲི་གཡག་10ལྷག་ཙམ་གསོས་ཡོད། དཔལ་འབྱོར་ཆ་རྐྱེན་དེ་ཙམ་ལེགས་པོ་མེད་ཀྱང་འཚོ་བ་སྣང་དག་མེད། སྟབས་མི་ལེགས་པ་ཞིག་ལ་མ་སྨད་གཉིས་ལ་སྔ་ཕྱིར་ཐུམ་འབུའི་ནད་ཕོག་ནས་བདེ་སྐྱིད་ཀྱི་འཚོ་བར་འགྱུར་ལྡོག་བྱུང་ཡོད་པ་རེད།

མ་གཞི་བསྟན་འཛིན་གཡུ་སྒྲོན་ལ་ལོ་མང་གོང་ནས་ཐུམ་འབུའི་ནད་ཕོག་ཡོད་ཀྱང་སྐབས་དེ་དུས་ནད་གཞི་ཚབས་ལྕི་པོ་མེད་པ་དང་འཚོ་བར་ཤུགས་རྐྱེན་ཕོག་མེད་པས་བསྟན་འཛིན་གཡུ་སྒྲོན་གྱིས་ད་བར་སྨན་བཅོས་བྱས་མེད། ཡིན་ནའང་ལོ་རེ་བཞིན་ནད་ཚབས་ལྕི་རུ་ཕྱིན་སྟབས་ཁོ་མོ་ན་ཟུག་གིས་མནར་ནས་འཚོ་བར་ཤུགས་རྐྱེན་ཆེན་པོ་བཟོས་ཡོད། མུ་གེའི་སྟེང་ལ་ཟླ་ལྷག་ཅེས་པ་ལྟར་སློབ་གྲྭས་ཐུམ་འབུའི་ནད་གྲལ་བཤེར་བྱེད་སྐབས་ཁོ་མོའི་བུ་མོ་ཕུན་ཆུང་ལ་ཡང་ནད་དེ་ཕོག་པ་ཤེས། དེས་ན་བསྟན་འཛིན་གཡུ་སྒྲོན་གྱི་ཁྱིམ་ཚང་སྡུག་བསྔལ་གྱི་གནས་སུ་ལྷུངས།

2016ལོའི་ཟླ་8པར། སྨན་ཁང་302ཀྱི་རིགས་གཅིག་མཁས་ཅན་གྲི་གུ་གྲོང་རྡལ་དུ་ཐུམ་འབུའི་ནད་ཕོག་པའི་དོགས་ཡོད་ནད་པར་གྲལ་བཤེར་བྱེད་པར་བསྐྱོད་སྐབས། བསྟན་འཛིན་གཡུ་སྒྲོན་མ་སྨད་གཉིས་སྐྱོབ་བཅོས་བྱ་ཡུལ་དུ་གཏན་འཁེལ་བྱས་ནས་ཉིན་ཤས་སོང་རྗེས་རྒྱལ་ས་པེ་ཅིང་དུ་གཤགས་བཅོས་བྱས་པ་རེད།

དངུལ་ཕིང་གཅིག་ཀྱང་གཏོང་མི་དགོས་པར་སྨན་བཅོས་བྱེད་རྒྱུ་བྱུང་བས་བསྟན་འཛིན་གཡུ་སྒྲོན་མ་སྨད་གཉིས་དགའ་ཚོར་ཆེན་པོ་བྱུང་ནས་སྨན་པ་ཚོར་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་རེད།

2016ལོར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཚད་མཐོའི་མཐོང་ཆེན་འོག འབྲེལ་ཡོད་སྡེ་ཚན་གྱིས་རྒྱལ་ཡོངས་ཀྱི་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱི་རིགས་གཅིག་མཁས་ཅན་300ལྷག་ཙམ་དང་མཐུན་སྦྱོར་བྱས་ཏེ། བོད་ཀྱི་ཐུམ་འབུའི་ནད་འགོ་བའི་རིག་པའི་བརྟག་དཔྱད་ཐོག་མ་དེ་ལེགས་སྒྲུབ་བྱུང་ནས་བོད་ཀྱི་ཐུམ་འབུའི་ནད་འགོས་ཤུགས་ཆེ་བ་དང་ཚབས་ལྕི་པོ་ཡོད་པའང་ཤེས་རྟོགས་བྱུང་བ་རེད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7དང་རྫོང་74ཚང་མར་ཐུམ་འབུའི་ནད་ཕོག་མཁན་ཡོད་པས། ས་ཁོངས་ཧྲིལ་པོར་ཐུམ་འབུའི་ནད་ཡོད་པའི་རྒྱལ་ཡོངས་ཀྱི་ཞིང་ཆེན་འབའ་ཞིག་ཡིན་པ་དང་མི་ཚོགས་ལ་ནད་ཕོག་ཚད་1.66%ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་0.249%ཡི་ལྡབ་6.92ཟིན་ཡོད། དེས་ན་ཐུམ་འབུའི་ནད་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བ་དང་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་སྤྱི་པའི་འཕྲོད་བསྟེན་གྱི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད།

ཛ་དྲག་གི་དུས་བབ་དེའི་མདུན་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚད་མཐོའི་ཐུགས་ཁུར་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“འབྱོར་འབྲིང་སྤྱི་ཚོགས་སུ་ཐུམ་འབུའི་ནད་གཏན་ནས་མི་ཐོན་པ་བྱ་རྒྱུའི”ཁས་ལེན་བྱས་ཏེ། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་གྱི་བཀོད་འདོམས་པུའུ་ཆེད་མངག་བཙུགས་ནས་རང་སྐྱོང་ལྗོངས་ཀྱི་ཞིང་ལས་གྲོང་གསེབ་དང་། སྤྱི་བདེ། ཆུ་བེད། སློབ་གསོ་ཐིང་སོགས་སྡེ་ཚན་17དང་མཉམ་དུ་ལྗོངས་ཡོངས་སུ་མི་ཚོགས་གྲལ་བཤེར་སྨན་བཅོས་དང་། འགོས་ཁུངས་དོ་དམ་ཚོད་འཛིན། བདེ་ཐང་སློབ་གསོ་སོགས་ཀྱི་ཕྱོགས་བསྡུས་འགོག་བཅོས་ལས་དོན་སྤེལ་ཏེ་ཐུམ་འབུའི་ནད་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་ཚུགས་པ་རེད།

རང་ལྗོངས་ཀྱི་རིམ་ཁག་སྨན་བཅོས་སྒྲིག་གཞིའི་ནུས་པ་དང་ད་ལྟའི་གནས་བབ་གཞིར་བཟུང་། ཐུམ་འབུའི་ནད་བཀོད་འདོམས་པུའི་གཞུང་ལས་ཁང་གིས《ཐུམ་འབུའི་ནད་ཕོག་པའི་ནད་པ་སྐྱོབ་བཅོས་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་དོ་དམ་བྱ་ཐབས(ཚོད་ལྟ་ལག་བསྟར)》བཟོས་ནས། སྨན་ཁང་13ཐུམ་འབུའི་ནད་ཀྱི་ཕྱི་ནད་ཚན་ཁག་གི་གཤགས་བཅོས་སྨན་བཅོས་ཀྱི་དམིགས་བཙུགས་སྨན་ཁང་དུ་གཏན་འཁེལ་བྱས་པ་རེད། དམིགས་བཙུགས་སྨན་ཁང་ཁག་གིས་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱེད་པ་དང་། ཆེད་སྤྱོད་ནད་ཁྲི་བཀོད་སྒྲིག་བྱེད་པ། འགན་འཁྲི་མི་ཐོག་ཏུ་འཁྱོལ་བ། ལས་ཡུན་བཀོད་སྒྲིག་ཞིབ་ཚགས་བྱེད་པ། ཟླ་རེ་དང་གཟའ་འཁོར་རེའི་གཤགས་བཅོས་བྱེད་ཚད་བཀོད་སྒྲིག་ཁ་གསལ་བྱས་ནས་ནད་པ་རྣམས“སྔོན་མངགས་བྱེད་མི་དགོས་པ་དང་། སྒུག་མི་དགོས་པ། སྨན་རིན་སྤྲོད་མི་དགོས་པ”བཅས་ཀྱི་སྒོ་ནས་སྨན་བཅོས་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཚེ་དབང་ཐར་ཚེ་ནི་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་འབྲོག་པ་ཞིག་ཡིན་ཞིང་། 2019ལོར་ཐུམ་འབུའི་ནད་ཕོག་པའི་གཏན་འཁེལ་བྱས། འབྲེལ་ཡོད་སྲིད་ཇུས་ཀྱི་འགན་སྲུང་འོག་2019ལོའི་ཟླ་7པར་སྟེང་ཆེན་རྫོང་མི་དམངས་སྨན་ཁང་དུ་གཤགས་བཅོས་བྱས་ནས་ད་ཆ་རྦད་དེ་དྲག་སྐྱེད་བྱུང་ཡོད།

ཚེ་དབང་ཐར་ཚེས“ད་ཆ་མི་གཞན་དང་འདྲ་བར་བློ་བདེ་པོས་འཚོ་བ་སྐྱེལ་བ་དང་ལས་ཀ་བྱེད་ཆོག་པས་དངོས་གནས་ཡག་པོ་འདུག སྲིད་ཇུས་བཟང་པོ་འདི་འདྲའི་འོག་རིན་མེད་ངང་བརྟག་དཔྱད་དང་སྨན་བཅོས་བྱེད་ཐུབ་པས་སྨན་ཁང་དུ་བསྡད་ནའང་སྨན་རིན་ཕིང་གཅིག་ཀྱང་གཏོང་དགོས་མི་འདུག སླད་ཕྱིན་ངས་གཙང་སྦྲའི་གོམས་གཤིས་བཟང་པོ་འཇགས་པ་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། མིག་སྔར། རང་ལྗོངས་ཀྱིས་ཐུམ་འབུའི་ནད་ཕོག་པའི་ནད་པ་5057གཤགས་བཅོས་ཀྱིས་སྨན་བཅོས་བྱས་པ་དང་ནད་པ་15421ལ་སྨན་རྫས་སྤྱད་དེ་སྨན་བཅོས་བྱས་ཤིང་། རྫོང་70ཡི་ཐུམ་འབུའི་ནད་ཀྱི་ནད་པ་1%མན་ཆག་པ་དང་། མི་ཚོགས་ལ་ནད་གཞི་ཕོག་ཚད་2016ལོའི་1.66%ནས་2019ལོའི་ལོ་མཇུག་གི་0.26%བར་ཆག་སྟེ། ཐུམ་འབུའི་ནད་ཐོན་མང་བའི་འཕེལ་ཕྱོགས་ལ་བཀག་འགོག་ནུས་ལྡན་ཐུབ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།