བོད་ལྗོངས་ཀྱི་གཞི་རིམ་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་དོན་མི་སྣས་ཉིན་མཚན་དབྱེར་མེད་ངང་ལས་གནས་བརྟན་སྲུང་བྱས་ཏེ་བདེ་འཇགས་དང་བདེ་ཐང་འགན་ལེན་བྱེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། བོད་ལྗོངས་ཀྱི་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་སྨན་དོན་མི་སྣ་དང་། མི་དམངས་ཉེན་རྟོག་པ། གཞི་རིམ་ལས་བྱེད་པ་བཅས་ཀྱིས་དཀའ་བར་མི་འཛེམ་པར་གདོང་མཆོང་བྱེད་པ་དང་། དཀའ་ངལ་ཁྱད་བསད་ཀྱིས་ཉིན་མཚན་དབྱེར་མེད་ངང་ལས་གནས་བརྟན་སྲུང་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི“འགག་སྒོ་སྲུང་མཁན”ཡག་པོ་ཞིག་བྱས་ནས་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་དང་བདེ་ཐང་ལ་སྲུང་སྐྱོང་བྱེད་བཞིན་མཆིས།

སྲང་ཐ་མཉམ་འབྲེལ་ཞིབ་བཤེར་ས་ཚིགས་ཀྱིས། བོད་ཀྱི་ལྷོ་ཕྱོགས་ཀྱི་འགག་སྒོ་ཆེ་མོ་བརྟན་སྲུང་བྱེད་པ།

ལྷོ་ངོས་ཡུན་ནན་ཞིང་ཆེན་སྒང་གསར་རྫོང་པིང་ཀྲུང་ལུའོ་གྲོང་རྡལ་དང་འབྲེལ་བའི་བོད་ཀྱི་ཆེས་ཤར་ལྷོར་གནས་པའི་རྫ་ཡུལ་རྫོང་ཚ་བ་རོང་ཤང་ནི་ཡུན་ནན་ནས་བོད་དུ་སྐྱོད་པའི་ལྷོ་སྒོ་ཆེ་མོ་རེད། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་རྒྱག་འགོ་བཙུགས་ཚུན། ཚ་བ་རོང་ཤང་གིས་ཡུན་བོད་ས་མཚམས་ཀྱི“འཛུལ་སྒོར”དམ་འཛིན་ནན་པོ་བྱ་རྒྱུ་དེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བྱེད་ཐབས་གལ་ཆེན་ཞིག་ལ་བརྩིས་ཏེ་རྫོང་རིམས་འགོག་ལྟེ་གནས་དང་། མཐའ་མཚམས་མངགས་གཏོང་ཁང་། འཕྲོད་བསྟེན་ཁང་སོགས་ཚན་པ་དང་མཉམ་འབྲེལ་ཐོག་སྲང་ཐ་གྲོང་ཚོར་སྲང་ཐ་གྲོང་ཚོའི་མཉམ་འབྲེལ་ཞིབ་བཤེར་ས་ཚིགས་བཙུགས་པ་དང་འབྲེལ། རང་འགུལ་ངང་གདོང་མཆོང་གིས་ཡུན་ནན་ཞིང་ཆེན་སྒང་ཧྲན་རྫོང་པིང་ཀྲུང་ལུའོ་གྲོང་རྡལ་དང་སྦྲེལ་མཐུད་ཧུར་ཐག་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཉམ་འབྲེལ་ཞིབ་བཤེར་ས་ཚིགས་ཀྱང་བཙུགས་པ་རེད།

རྫ་ཡུལ་རྫོང་ཨུད་ཀྱི་རྒྱུན་ཨུ་ཚ་བ་རོང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་བཀྲ་ཤིས་ཀྱིས་རིམས་ནད་ཐོན་རྗེས་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་ཉེན་རྟོག་པས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་རླངས་འཁོར་ཡོང་རིམ་བཞིན་ཞིབ་བཤེར་དང་མི་ཡོང་རིམ་ལ་ཚ་བ་བལྟས་ནས་ཉིན་མཚན་དབྱེར་མེད་ལས་གནས་བརྟན་སྲུང་གིས་དོ་དམ་བྱ་རྒྱུ་མི་ལུས་པ་དང་ཚོད་འཛིན་བྱ་རྒྱུ་འཐུས་ཤོར་མི་འགྲོ་བ་བྱས་པ་དང་འབྲེལ། ཞིབ་བཤེར་ས་ཚིགས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགྲོ་འོང་མི་སྣའི་ཐོ་འགོད་དང་། ལུས་དྲོད་བརྟག་དཔྱད། རླངས་འཁོར་དུག་སེལ་སོགས་བྱ་ཡུལ་དབྱེ་འབྱེད་ཀྱང་བྱས་ནས་སྔོན་འགོག་ཚོད་འཛིན་གྱི་གྲལ་བཤེར་དང་། གསལ་བཤད་དྲན་སྐུལ། གཙང་སྦྲ་དུག་སེལ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད་ཅེས་ངོ་སྤྲོད་བྱས།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཏེ་ཞིབ་དཔྱད་ཚད་ལེན་གྱི་མྱུར་ཚད་དང་འགྲོ་སྐྱོད་ཀྱི་ཕན་འབྲས་ཡག་ཏུ་བཏང་ནས་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་ཀྱི་རླངས་འཁོར་ཞིབ་བཤེར་གྱི་རྐྱེན་པས་འཚང་ཁ་ཆེ་བའི་གནས་ཚུལ་མི་ཐོན་སྔོན་འགོག་བྱ་ཆེད། ཚ་བ་རོང་ཤང་གིས་སྒང་ཧྲན་རྫོང་པིང་ཀྲུང་ལུའོ་གྲོང་རྡལ་དང《མཛའ་མཐུན་ཤང་གྲོང་གི་མཉམ་ལས་གྲོས་མཐུན་ཡི་གེ》བཞག་སྟེ་རྫོང་གཉིས་དང་ཤང་གཉིས་ཀྱི་རིམས་ནད་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་དེའི་ཁྲོད་ཚ་བ་རོང་ཤང་གིས་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་བདེ་ཐང་དང་བདེ་འཇགས་འགན་ལེན་བྱེད་པ་དང་ཆབས་ཅིག གདོང་མཆོང་བཀོད་འདོམས་ཀྱིས་སྲང་ཐ་མཉམ་འབྲེལ་ཞིབ་བཤེར་ས་ཚིགས་བཙུགས་པ་དང་འབྲེལ། ཡུན་ནན་ཞིང་ཆེན་སྒང་ཧྲན་རྫོང་དང་ཆ་འཕྲིན་དང་ལས་དོན་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་འཛུལ་ཆོག་པ་དང་དོན་ཆོག་པའི་འགག་རྩའི་ས་ཚིགས་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱས་ནས་རིམས་ནད་ཕྱི་ནས་མཆེད་པའི་ལམ་བུ་བཀག་འགོག་ནུས་ལྡན་བྱས་ཡོད།

མེ་ཏོག་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི།ལས་དོན་མི་སྣ་ཡོངས་ཀྱིས་ལས་གནས་བརྟན་སྲུང་བྱེད་པ།

ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་འགོ་བཙུགས་ཚུན། མེ་ཏོག་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་འཕྲལ་དུ་52Kརིམས་ནད་ཞིབ་བཤེར་ས་ཚིགས་སུ་མི་སྣ་བཀོད་སྒྲིག་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་ཞིང་། གཙོ་བོ་མེ་ཏོག་རྫོང་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་འགྲིམ་འགྲུལ་ཡོ་བྱད་ལ་དུག་སེལ་དང་། མི་སྣར་གྲལ་བཤེར། ལུས་དྲོད་བརྟག་དཔྱད་སོཌ་ཀྱི་ལས་དོན་སྤེལ་ཡོད།

མེ་ཏོག་རྫོང་དགའ་ལྡན་ཤང་འཕྲོད་བསྟེན་ཁང་གི་སྨན་གཡོག་ཟླ་བ་བུ་ཁྲིད་དཔྱིད་གསར་དུས་ཆེན་གྱི་སྔ་སྣུར་དུ་གཉེན་སྒྲིག་ངལ་གསོ་ཞུས་ཏེ་ཕ་ཡུལ་གཞིས་རྩེར་ལོག་ནས་གཉེན་སྟོན་གཤོམ་རྩིས་ཡོད། འོན་ཀྱང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཀའི་དགོས་མཁོས་རྐྱེན་པས་ཟླ་1ཚེས་29ཉིན་ནས་ད་བར་བསྟུད་མར་ཟླ་གཅིག་ལྷག་ཙམ་ཉིང་ཁྲི་གྲོང་ཁྱེར་གྱི་ལྟ་ཉར་བྱ་ཡུལ་གྱི་མགྲོན་ཁང་དུ་ལོགས་འཇོག་ལྟ་ཞིབ་བྱ་ཡུལ་གྱི་མི་སྣར་གསོ་རིག་ཞིབ་དཔྱད་ཚད་ལེན་དང་དུག་སེལ་གྱི་ལས་དོན་སྒྲུབ་པའི་འགན་འཁུར་བཞིན་མཆིས། དམིགས་བསལ་གྱི་ལས་གནས་དེའི་ཐོག་ཁོང་གིས་ཐོག་མཐའ་བར་གསུམ་དུ་ཧུར་བརྩོན་རང་འགུལ་དང་ངལ་འཁང་གཉིས་བཟོད་བྱེད་ཀྱི་ཡོད།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་ཚུན། མེ་ཏོག་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་རིམས་འགོག་ལས་དོན་པ་ཡོངས་ཀྱིས་ལས་གནས་བརྟན་སྲུང་གིས་ཚད་ཡོད་ཀྱི་དུས་ཚོད་ནང་སློབ་སྦྱོང་དང་གསོ་སྦྱོང་སྒྲིག་འཛུགས་བྱས་ཏེ་ཁ་གཏད་གཅོག་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་ཆབས་ཅིག གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་སྐད་འཕྲིན་ལས་དོན་གྱི་སྤེལ་རེས་ཚོགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་དང་། བོད་སྐད་དང་། རྒྱ་སྐད། མོན་པའི་སྐད། ལྷོ་པའི་སྐད་སོགས་གོ་བདེ་ཤེས་སླའི་སྐད་ལ་བརྟེན་ནས་མང་ཚོགས་ཀྱི་དོགས་གནད་སེལ་བ་མ་ཟད། ངང་རྒྱུད་རིང་པོས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཁྱབ་གདལ་ཡང་བཏང་ཡོད།

གཙང་བྱང་མྱུར་བགྲོད་གཞུང་ལམ་གྱི་འཛུལ་སྒོའི་ལས་སྒྲུབ་ས་ཚིགས་ཀྱིས།བདེ་འཇགས་ཀྱི“འགོག་སྲུང་འཛིང་རགས”བརྟན་པོ་བསྐྲུན་པ།

གཙང་བྱང་མྱུར་བགྲོད་གཞུང་ལམ་ནི་ལྷོ་ཁ་གྲོང་ཁྱེར་ནས་ཕར་འགྲོ་ཚུར་འོང་བྱེད་པའི་འགྲིམ་འགྲུལ་གྱི་ལམ་བུ་གལ་ཆེན་ཞིག་ཡིན་ཞིང་། རླངས་འཁོར་འགྲོ་སྐྱོད་ཆེ་ལ་ཞིབ་བཤེར་གྱི་ལས་འགན་ཡང་ཧ་ཅང་ལྕི་པོ་ཡོད། གཙང་བྱང་མྱུར་བགྲོད་ཞིབ་བཤེར་ས་ཚིགས་ཀྱི་སློབ་སྟོན་པ་བསོད་ནམས་ཚེ་རིང་གིས“ཟླ་1ཚེས་26ཉིན་ནས་བཟུང་། ང་ཚོས་ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བླང་བྱ་གཞིར་བཟུང་། འཇོན་ཐང་ཆེ་བའི་ལས་བྱེད་ཉེན་རྟོག་པ་མྱུར་དུ་ལས་སྒྲུབ་ས་ཚིགས་སུ་བཏང་ནས་སྨན་དོན་མི་སྣ་དང་མཐུན་སྦྱོར་གྱིས་རང་གྲོང་ཁྱེར་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་རླངས་འཁོར་དང་མི་སྣ་རེ་རེ་བཞིན་ཐོ་འགོད་ཞིབ་བཤེར་བྱེད་པ་དང་ཆབས་ཅིག ལུས་དྲོད་བརྟག་དཔྱད་བྱས་ནས་ལྷོ་ཁ་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཆེད་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ཡོད”ཅེས་བརྗོད།

ལྷོ་ཁ་གྲོང་ཁྱེར་གཙང་བྱང་མྱུར་བགྲོད་འཛུལ་སྒོའི་ལས་སྒྲུབ་ས་ཚིགས་ཀྱི་ལས་རེས་མི་དམངས་ཉེན་རྟོག་པ་ཁོའུ་ཀྲི་ཆང་གིས“རིམས་ནད་ཀྱིས་རྒྱལ་ཡོངས་མི་དམངས་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད། ང་ཚོ་གུང་ཁྲན་ཏང་ཡོན་ཚོས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བློ་ལ་བརྟན་པོར་བཅངས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱ་རྒྱུ་ཡིན”ཞེས་བརྗོད།

ཉི་མ་ལ་ལ་བཞུད་པའི་སྐབས་སུ་འཁོར་རྒྱུན་ཇེ་ཉུང་དུ་སོང་མོད། འོན་ཀྱང་མི་དམངས་ཉེན་རྟོག་པ་དང་སྨན་དོན་མི་སྣ་ཚོས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་གི་མེད།

བསོད་ནམས་ཚེ་རིང་གིས“དུས་སྐབས་དམིགས་བསལ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་ཞིབ་བཤེར་ནན་དུ་གཏོང་དགོས། རླངས་འཁོར་ལ་ཞིབ་བཤེར་བྱེད་པ་མ་ཟད། གྲོང་ཁྱེར་དུ་ཡོང་མཁན་མི་སྣའི་ཆ་འཕྲིན་ལ་ཞིབ་དཔྱད་བྱ་རྒྱུ་ནི་ང་ཚོའི་ཞིབ་བཤེར་གྱི་གཙོ་གནད་ནང་དོན་ཞིག་རེད”ཅེས་བརྗོད་པ་དང་། ཁོང་གིས“ང་ཚོས་ངེས་པར་དུ་མང་ཚོགས་ཀྱི་ཆེད་དུ་ཞིབ་བཤེར་ས་ཚིགས་དེ་ཡག་པོ་སྲུང་གི་ཡིན”ཞེས་བརྗོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།